༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ལས་ཁུངས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། རྒྱལ་བ་ཚེ་དཔག་མེད་ཀྱི་ཚེ་དབང་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༦ ཉིན་རྒས་གསོ་ཁང་དུ་ཕེབས་ཏེ་རྒན་རྒོན་རྣམས་ལ་བཀའ་སློབ་གནང་ཡོད་པ་མ་ཟད། སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་དང་། དགེ་རྒན་རྣམས་དང་མཇལ་འཕྲད་ཀྱིས་ཤེས་ཡོན་དང་བཟང་སྤྱོད་ཀྱི་གལ་གནད་སྐོར་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་གནང་ཡོད།
དེ་རྗེས་རིན་པོ་ཆེ་མཆོག་གཞིས་ཆགས་ཀྱི་དགོན་པར་ཕེབས་ཏེ་དགེ་འདུན་པ་དང་ལྷན་མཇལ་འཕྲད་ཀྱིས་བཀའ་སློབ་གནང་རྗེས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་གནང་ཡོད་པ་བཅས།།