༄༅། །བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཕྱི་དྲོར་ཀ་སྦུག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས། དམ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བྱས་རྗེས་རླབས་ཆེན་འཇོག་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དང་། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༠ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཚང་མས་མཁྱེན་གསལ་རེད། སྤྱིར་གོང་དུ་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོ
བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནི། ཕྱི་ལོ་ ༡༩༢༨ ཟླ་བ་ ༡༡ ཚེས་ ༥ ཉིན་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༦ ལོར་རྒྱ་ནག་ཏུ་ཕེབས་ནས་རྒྱ་ཡིག་དང་རྒྱ་ནག་གི་ལོ་རྒྱུས་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ཁོང་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་མ་ཐུབ་པར་ཧོང་ཀོང་བརྒྱུད་རྒྱ་གར་དུ་ཕེབས་དགོས་བྱུང་། དེ་ནས་ཕྱི་ལོ་ ༡༩༥༡ ལོར་ཐའེ་ཝན་དུ་ཟླ་ཤས་རིང་བཞུགས་ཏེ་ཨ་རིར་ཕེབས།
ཕྱི་ལོ་ ༡༩༥༢ ལོར་རྒྱ་གར་དུ་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནའང་བོད་འབྱོར་རྒྱ་དམར་གྱི་བྱེད་སྟངས་གཟིགས་ཏེ་བཞུགས་བཟོད་མ་ནུས་པར་གསང་སྟབས་ཀྱིས་སྦྱོར་ར་གཞིས་ཀ་ནས་རྒྱ་གར་དུ་བྱོས་བྱོལ་ལ་ཕེབས་ཤིང་། རྒྱ་གར་གཞུང་ལ་བོད་ནང་གི་གནས་སྟངས་ཞུ་གཏུག་གི་ལས་འགུལ་སྣེ་མང་སྤེལ།
ཕྱི་ལོ་ ༡༩༥༥ ལོར་ཨ་རིའི་དབུས་གསང་བའི་ལས་ཁུངས་དང་ཐོག་མར་འབྲེལ་བ་བྱུང་བ་བརྒྱུད་བོད་མི་འཐབ་རྒོལ་བ་བརྒྱ་ཕྲག་ལ་གསང་བའི་ཐོག་ནས་སྦྱོང་བརྡར་སྤྲད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༧ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་གིས་དབུས་དཔོན་རིགས་རྣམས་དང་འབྲེལ་བ་ཞུ་རྒྱུའི་ཐུགས་འགན་གཙོ་བོ་བཞེས། ཕྱི་ལོ་ ༡༩༥༩ ཟླ་བ་ ༤ ནང་མ་སུ་རིར་བཙན་བྱོལ་གཞུང་གསར་འཛུགས་གནང་སྐབས། ཕྱི་སྲིད་བཀའ་བློན་ལས་རོགས་ཀྱི་མཛད་ཁུར་བཞེས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་ལ་བོད་དོན་ཞུ་གཏུག་གི་ཕྱག་ལས་ཧུར་བརྩོན་གནང་འབྲས་སུ། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐད་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཁག་གསུམ་བཞག་ཐུབ་ཡོད། ལོ་རབས་དྲུག་ཅུའི་མཇུག་ཏུ་ཧོང་ཀོང་དུ་བཞུགས་འཇགས་གནང་།ཕྱི་ལོ་ ༡༩༧༩ ཟླ་བ་ ༣ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཆེད་ཕེབས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་དང་མཇལ་འཕྲད་ཐོག་མ་དེ་གནང་སྟེ་དེའི་རྗེས་འབྲེལ་དུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཆོགས་པ་དང་ལྟ་སྐོར་ཚོགས་པ་རིམ་ཅན་དུ་བོད་ནང་ཕེབས་ཐུབ་པ་བྱུང་ཡོད། སྟོང་ལོ་གསར་པའི་འགོ་སྟོད་བར། རྒྱ་ནག་ཏུ་ཐེངས་མང་ཕེབས་ཏེ་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་འབད་བརྩོན་རྒྱུན་སྲིང་གནང་ཡོད། ཕྱི་ལོ་ ༡༩༩༡ ཟླ་བ་ ༨ ཚེས་ ༩ ནས་ཕྱི་ལོ་ ༡༩༩༣ ཟླ་བ་ ༡ ཚེས་ ༢༥ བར་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༡ ཟླ་བ་ ༨ ཚེས་ ༡༩ ནས་ཕྱི་ལོ་ ༡༩༩༣ ཟླ་བ་ ༨ ཚེས་ ༨ བར་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་བཅས། །