
དེ་ནས་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ནས་སེམས་ཚོར་ཆེན་པོའི་ངང་ནས་གསུང་བཤད་གནང་དོན། དེ་རིང་མི་མང་ཚང་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་གཙོ་བོ་ནི། ཚང་མའི་མཁྱེན་གསལ་ལྟར་ཉེ་ཆར་བོད་ནང་དུ་ས་ཡོམ་ཤུགས་ཆེན་པོ་བྱུང་བའི་རྐྱེན་པས་གློ་བུར་དུ་འདས་གྲོངས་སུ་གྱུར་བ་དང་། གནོད་སྐྱོན་གང་འཚམ་བྱུང་བ་བརྟེན་སྤོན་ཊ་ཆོལ་གསུམ་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་ཆབས་གཅིག་ད་ལྟའི་ས་ཡོམ་གོད་ཆག་རྐྱེན་པས་བོད་ནང་དུ་ཚེ་སྲོག་དང་རྨས་སྐྱོན་ཕོག་པ་རྣམས་ལ་གསོལ་འདེབས་དང་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།