༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༢༤ ཉིན་ཨ་རུ་ཎཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་གཙོས་པའི་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨར་ཊིན་ནི་ཀོ་སེ་ (Arvind Nicose) ལགས་དང་། སྐུ་ཞབས་སུ་རེན་དྲ་ཀུ་མར་ (Surendra Kumar) ལགས། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པདྨ་དབང་གྲགས་བུ་ཊི་ཡ་ལགས་དང་། སྐུ་ཞབས་སན་ཇེ་ཤུག་ལ་ (Dr Sanjay Shukla) ལགས། སྐུ་ཞབས་སཽ་རབ་ས་ར་སི་ཊཏ་ (Sourabh Saraswat) ལགས། སྐུ་ཞབས་སུ་དེཤ་ཀུ་མར་ཅནྡྲ་ཝན་ཤི་ (Sudhesh Kumar Chandravanshi) ལགས། སྐུ་ཞབས་སན་དེཤ་མེཤ་རམ་ (Sandesh Meshram) ལགས། སྐུ་ཞབས་ཨ་མིཏ་ཇྱོ་ཏི་ཀར་ (Amit Jyotikar) ལགས། སྐུ་ཞབས་ཇེ་པུ་ཀར་ཝ་ཏ་ཀ་ (J.P. Urs Karwataka) ལགས། སྐུ་ཞབས་ཨེས་ཨདྷ་ཝན་ (S. Adhavan) ལགས། བློ་བཟང་དགེ་ཆེན་ལགས་སོགས་ཕེབས་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་ནང་འདས་པའི་ཚོགས་ཆུང་གི་བགྲོ་གླེང་དང་། བསྐྱར་ཞིབ་གནང་བའི་ལས་གཞི་ཁག་གི་ལག་བསྟར་ལ་དཔྱད་ཞིབ་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༨ པའི་ཚོགས་འདུའི་གསུང་བཤད་པ་དང་། གྲོས་གཞི་གཏེན་འབེབས། མ་འོངས་འཆར་རྩིས་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད། མཐར་རྒྱ་གར་གྱི་བོད་དོན་ཞུ་གཏུག་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསལ་འདོན་གྱིས་ཚོགས་འདུ་མཇུག་སྒྲིལ་ཡོད།
ཕྱི་ལོ ༢༠༢༥ ཟླ་བ་ ༡ ཚེས་ ༢༥ ཉིན་རྒྱ་གར་ཨ་རུ་ཎཱ་ཅལ་མངའ་སྡེའི་གྲོང་ཁྲེར་ཨི་ཊ་ན་གར་དུ་ཡོད་པའི་རྡོ་རྗེ་མཁའ་འགྲོ་ཚོགས་ཁང་དུ་ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ་སྟེང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་། ཁོང་གིས་རྒྱ་གར་དང་བོད་གཉིས་དབར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དང་། ཁོར་ཡུག་དང་བདེ་འཇགས་ཀྱི་དཀལ་ངལ་ཐོག་གི་འགན་འཁྲི་གཅིག་མཚུངས་ཡོད་པ་གསལ་སྟོན་གནང་ཡོད།
བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་བསྐོང་ཚོགས་གནང་བ་དང་། ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་བ་དེས་ཚོགས་པའི་ངོས་ནས་རྒྱ་གར་དང་བོད་དབར་གྱི་འབྲེལ་བ་དམ་གཟབ་གཏོང་རྒྱུ་དང་། བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཞུ་གཏུག་གནང་རྒྱུ་བཅས་ཐུན་མོང་གི་འགན་འཁྲི་ཡོད་པའི་ཐོག་མཉམ་ལས་གནང་རྒྱུ་ཡིན་པ་མཚོན་ཡོད། །