
དེ་ཡང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ནི་དོན་ཁང་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། ལོ་མང་རིང་ཚོགས་འདུ་མང་པོ་གོ་སྒྲིག་ཞུ་བཞིན་ཡོད་ལ་ལོ་ལྟར་རྒྱལ་སའི་མངའ་ཁུལ་དུ་འདུ་འཛོམས་འདི་ལྟ་བུ་བརྒྱུད་རྒྱ་རིགས་རྣམས་དང་འབྲེལ་བ་ཟབ་ཏུ་ཡོང་ཐབས་བྱེད་བཞིན་ཡོད་པ་གསུངས། ཁོང་གིས་དེ་བཞིན་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་བ་སྨྲ་བརྗོད་བྲལ་བའི་མགྲིན་ཚབ་ (Voice For The Voiceless) མགྱོགས་མྱུར་པར་བསྐྲུན་སྒྲུབ་ནས་ཟླ་བ་གསུམ་པའི་ནང་འཚོང་འགྲེམས་བྱ་རྒྱུ་ཡིན་པ་དང་། ཕྱག་དེབ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་བདུན་རིང་རྒྱ་ནག་དང་འབྲེལ་བ་ཇི་བྱུང་འགྲེལ་བརྗོད་ཧ་ཅང་རྒྱས་པ། མི་ཀློག་ཐབས་མེད་ཀྱི་ཕྱག་དེབ་གལ་ཆེན་ཞིག་ཡིན་པ་ངོ་སྤྲོད་དང་སྦྲགས་རྒྱ་རིགས་ཚོས་ངེས་པར་དུ་ཀློག་དགོས་པའི་འབོད་སྐུལ་ཞུས།

དེ་རྗེས་ཝང་རོས་ཆིན་ལགས་དང་། སྐུ་ཞབས་ཀོ་བོའོ་ཧྲིང་ལགས། སྐུ་ཞབས་ཝུ་ཁྲོའོ་ཡང་ལགས། ལོ་ཧྲིང་ཁྲུན་ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཤེས་རབ་ཕྱུག་ལ་རྣམ་དཔྱོད་ལྡན་པའི་དབུ་འཁྲིད་ལམ་སྟོན་ལ་རྗེས་སུ་ཡི་རང་ཞུས་པ་དང་། ༸མགོན་པོ་མཆོག་གི་མཛད་རྗེས་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་ལ་ཕན་བདེ་གྲུབ་པའི་ཡོན་ཏན་ལྡན་པ་འགྲེལ་བརྗོད་ཞུས། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ནས་མཛུབ་སྟོན་གནང་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གི་འཁྲེགས་བཟུང་དང་རྨོངས་པའི་དབང་གིས་གོ་སྐབས་དམ་འཛིན་ཐུབ་མེད་པར་སྐྱོན་བརྗོད་གནང་། ཁོང་རྣམས་ནས་བོད་རྒྱའི་བར་གྱི་གླེང་སྟེགས་རིན་ཐང་ལྡན་པ་འདི་བཞིན་མུ་མཐུད་ཉར་འཛིན་དང་། ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་བསམ་འཆར་ཕུལ་ཡོད།
འདུ་འཛོམས་འདིའི་ཐོག་རྒྱ་རིགས་སློབ་མ་མང་དག་ཅིག་ཕེབས་ཡོད་པ་རྣམས་ནས་སྐུ་ཚབ་དོན་གཅོད་དང་། དེ་མིན་འདུ་འཛོམས་སུ་ཕེབས་པའི་ཚོགས་བཅར་བ་གཞན་རྣམས་ལ་བོད་དོན་དང་། རྒྱ་ནག་གི་མང་གཙོའི་གནས་བབ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་གྲོས་སོགས་ཀྱི་ཐད་བཀའ་མོལ་ལྷུག་པོ་གནང་ཡོད་པ་བཅས། །