༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་ཊེ་ལི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་པ་རྣམས་ལ་ཊེ་ལི་མཉེན་ཆས་བརྒྱུད་རྩིས་ཞིབ་གནང་ཕྱོགས་སྐོར་ཟབ་ཁྲིད་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དྲུང་འཕར་འཕྲིན་ལས་ཆོས་འཕེལ་ལགས་ཀྱིས་རྩིས་ཞིབ་ཀྱི་བརྒྱུད་རིམ་ནང་འཕྲུལ་ཆས་ཡར་རྒྱས་དགོས་གལ་སྐོར་གསུང་བཤད་གནང་བ་དང་འབྲེལ། རྩིས་ཞིབ་ཀྱི་ཁྱབ་ཁོངས་སུ་དེང་རབས་ཊེ་ལིའི་གོ་རྟོགས་གལ་ཆེན་ཡིན་པ་ནན་བརྗོད་གནང་ཡོད། དེ་བཞིན་མཉམ་ཞུགས་པ་རྣམས་ནས་ཟབ་སྦྱོང་ནས་སློབ་སྦྱོང་གང་མང་བླང་དགོས་པའི་འབོད་སྐུལ་གནང་ཡོད།
ཟབ་སྦྱོང་རིང་མཉམ་ཞུགས་པ་རྣམས་ལ་རྩིབ་ཞིབ་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཊེ་ལི་མཉེན་ཆས་ལག་བསྟར་གནང་ཕྱོགས་ཐོག་གོ་རྟོགས་གནང་རྒྱུ་ཡིན་པ་དང་། ཟབ་སྦྱོང་མཐར་མཉམ་ཞུགས་པ་ནས་ཊེ་ལི་བེད་སྤྱོད་ཀྱིས་རྩིས་ཞིབ་དཔྱད་ཞིབ་ཐུབ་པ་དང་། དེས་ཡན་ལག་ཁག་ཏུ་རྩིས་ཞིབ་ཀྱི་ལག་ལེན་ཡར་རྒྱས་གཏོང་བར་ལམ་སྟོན་གནང་ཐུབ་པའི་རེ་བ་ཡོད།
ཟབ་སྦྱོང་འདིའི་ནང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་དང་། བདེ་སྐྱིད་གླིང་ཡན་ལག་ལས་ཁུངས། སྦེལ་ཀོབ་ཡན་ལག་ལས་ཁུངས་བཅས་ནས་མི་གྲངས་གསུམ་རེ་དང་། བལ་ཡུལ་ཡན་ལག་ལས་ཁུངས་ནས་མི་གཅིག་བཅས་ཁྱོན་མི་གྲངས་ ༡༠ མཉམ་ཞུགས་གནང་ཡོད།
ལས་གཞི་འདི་ནི་ཨ་རིའི་རོགས་ཚོགས་ (USAID) ཀྱིས་མཐུན་འགྱུར་གནང་ཞིང་། རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (NDI) ནས་རྒྱབ་སྐྱོར་གནང་ཡོད་པ་བཅས།།