༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༨ ཉིན་ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་ངོས་ནས་ཉེ་ལམ་བོད་ནང་དུ་ས་ཡོམ་གྱི་གོད་ཆག་ཕོག་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་སྒར་བསམ་ཡས་གླིང་དུ་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཡོད་པ་དེར་ལྡི་ལི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནས་མཉམ་ཞུགས་གནང་ཡོད། སྐབས་དེར་བཙན་བྱོལ་བོད་མི་རྣམས་དང་། ས་གནས་རྒྱ་གར་མི་མང་བཅས་ནས་འདས་གྲོངས་སུ་གྱུར་བ་རྣམས་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་བསྔོ་སྨོན་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་དང་བླངས་བོད་དོན་ཞུ་གཏུག་གི་ཚོགས་མི་ཟླ་སྒྲོན་ལགས་དང་། ཚེ་རིང་ཡེ་ཤེས་ལགས། རིན་ཆེན་དབང་རྒྱལ་ལགས། བློ་གྲགས་མཐར་ཕྱིན་ལགས། བསྟན་འཛིན་བདེ་ལྡན་ལགས། ས་གནས་དང་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ། དེ་བཞིན་རྒྱལ་ཡོངས་འབྲེལ་མཐུད་པ་བཅས་ཀྱིས་བོད་ནང་དུ་ས་ཡོམ་གྱིས་གནོད་སྐྱོན་ཕོག་པ་རྣམས་ཀྱི་ཆེད་སྨོན་ལམ་ཞེས་པའི་ལས་གཞི་གོ་སྒྲིག་ཞུས་ཏེ་ཁྱོན་བསྡོམས་ཞལ་འདེབས་ཧིན་སྒོར་ ༡༦༥༠༠ བྱུང་ཡོད་པ་དང་། དེ་དག་གཙུག་ལག་ཁང་དང་། ལྡེ་ར་སྡུན་གྱི་ས་སྐྱ་དང་སྨིན་གྲོལ་གླིང་དགོན། དེ་བཞིན་སྦེལ་ཀོབ་དང་། མོན་གྷོ། ཌོ་ལན་ཇི། སིམ་ལ་བཅས་ཁྱོན་བསྡོམས་དགོན་སྡེ་ཁག་ ༡༡ ཏུ་མཆོད་མེ་ཞལ་འདེབས་ཕུལ་ཡོད་པ་རེད།ཕྱི་ཚེས་ ༢༡ ཉིན་དང་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་བསྟན་འཛིན་ལྷ་མཚོ་ལགས་དང་། ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་གཉིས་ལྡི་ལིའི་རྒྱལ་ཡོངས་ས་ཡོམ་དཔྱད་རིག་བསྟི་གནས་ཁང་ (National Centre for Seismology) དུ་ཕེབས་ཏེ་བསྟི་གནས་ཁང་ནས་འབྲེལ་མཐུད་གནང་བའི་སྐབས་བོད་ཚབ་ཏུ་ཤིས་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བཞིན་པ་དེར་སེམས་འཚབ་བསྟན་ཡོད། ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་ནི་ (Foundation for Non-Violent Alternative) དུ་ཉམས་ཞིབ་པ་ཞིག་ཡིན་པ་དང་། ཁོང་གིས་དཔྱད་རྩོམ་ནང་རྒྱལ་ཡོངས་ས་ཡོམ་དཔྱད་རིག་བསྟི་གནས་ཁང་གི་ཡིག་ཆའི་ནང་ཤིས་ཙང་ཞེས་ཐེངས་ ༤༨ བེད་སྤྱོད་བཏང་ཡོད་པ་ཐེར་འདོན་གྱིས་དེ་དག་ས་ཁམས་ཆབ་སྲིད་དང་། རིག་གཞུང་ཐོག་ལ་འབྲེལ་བ་ཡོད་པས་ཐུགས་ཁུར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཁོང་གིས་ཤིས་ཙང་ཞེས་པའི་ཐ་སྙད་དེ་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་དམ་བསྒྲགས་གཏོང་ཆེད་ཁྱབ་སྤེལ་བཏང་བ་ཞིག་ཡིན་པ་མ་ཟད། དེས་རྒྱ་གར་གི་ཨ་རུ་ཎཱ་ཅལ་མངའ་སྡེའི་ས་ཁུལ་མངའ་དབང་ཐོག་ཉེན་ཁ་ཡོད་པ་གསལ་སྟོན་གནང་ཡོད། དང་བླངས་བོད་དོན་ཞུ་གཏུག་གི་སྐུ་ཚབ་རྣམས་ཀྱིས་བོད་ཀྱི་རིག་གཞུང་ངོ་མ་དང་། ལོ་རྒྱུས་ཀྱི་གནས་བབ་གཞིར་བཞག་པའི་ཐོག་ནས་ཤིས་ཙང་ཚབ་ཏུ་བོད་ཅེས་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་ཞུས་པར་བསྟི་གནས་ཁང་གི་ངེས་སྟོན་པ་དང་། ལས་བྱེད་རྣམས་ནས་བསམ་ཞིབ་བྱ་རྒྱུའི་ཁས་ལེན་གནང་ཡོད།
ལས་གཞི་དེ་ལྟ་བུ་བརྒྱུད་བོད་ནང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ཞུ་གཏུག་བྱ་རྒྱུ་བཅས་ཀྱིས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་སེམས་ཤུགས་གསལ་པོ་སྟོན་གྱི་ཡོད་པ་བཅས།།