༄༅། །ཕྱི་ལོ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཚོགས་འདུ་གནང་འགོ་ཚུགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས། ཨ་ལོ་ཀིཊ་ཚོགས་པ་ (Alokit) ནས་ཁྱད་ལས་པ་གསུམ། བོད་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་དང་འབྲེལ་ཟབ་སྦྱོང་གི་དགོས་དམིགས་དང་། ཉིན་གསུམ་རིང་གི་ཟབ་ཁྲིད་ཀྱི་བརྗོད་གཞིའི་སྐོར་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་དབུ་འབྱེད་གསུང་བཤད་གནང་།
སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་ཐོག་མར་ཚོགས་ཞུགས་པ་རྣམས་ལ་ཕྱི་ལོ་གསར་པའི་འཚམས་འདྲི་དང་། སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་ཕྲུ་གུའི་སློབ་སྦྱོང་ཆེད་སྐུ་ལས་བསྐྱོན་པར་བསྔགས་བརྗོད་དང་འབྲེལ་སློབ་གྲྭའི་འགོ་ཁྲིད་རྣམས་ལ་ལས་འགན་ཆེན་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་། ཁོང་མོས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་ཐོག་དོ་སྣང་ཡོང་བ་དང་། དགེ་རྒན་རྣམས་ནས་ནུས་པ་གང་ཡོད་འདོན་ཐུབ་པ་སོགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ་གཉིས་ལ་འགན་ཁུར་ཆེན་པོ་ཡོད་པ་གསུངས། དེ་བཞིན་འགོ་ཁྲིད་རྣམས་ལ་སློབ་གྲྭའི་ཤེས་ཡོན་ཙམ་མ་ཡིན་པ་ཕྲུ་གུའི་བདེ་འཇགས་དང་། དགེ་རྒན་གྱི་ཉིན་རེའི་བྱེད་ལས། འཛིན་སྐྱོང་སོགས་ཀྱི་ཐད་དོ་སྣང་དང་སྟངས་འཛིན་གནང་དགོས་གལ་སོགས་གསལ་སྟོན་གནང་།
དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་འགོ་ཁྲིད་རྣམས་ནས་དྲང་བདེན་ཐོག་ཕྱག་ལས་གནང་དགོས་པ་དང་། འགྲིག་པ་ལ་བསྔགས་བརྗོད་དང་མ་འགྲིག་པ་ལ་ཐད་ཀར་སྐྱོན་བརྗོད་གནང་ཐུབ་པའི་འགོ་ཁྲིད་ཅིག་བྱ་དགོས་པ་ལམ་སྟོན་གནང་།
དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་དེང་དུས་གཞོན་སྐྱེས་ཁྲོད་ནུས་རྩལ་འདྲ་མིན་ཡོད་ཀྱང་རིགས་གཅིག་རྐང་འཛིན་ཐོག་དོ་སྣང་དེ་ཙམ་མེད་པ་དང་། ལྷག་པར་འཕྲུལ་རིག་གི་དུས་ཚོད་འདིར་ལག་ཐོགས་ཁ་པར་ལ་སོགས་པའི་ཐོག་སློབ་གཉེར་གནང་ཐུབ་ན་བོད་པའི་སྤྱི་ཚོགས་ཙམ་མ་ཟད་རང་ཉིད་ལ་ཕན་ཐོགས་ཡོད་སྐོར་སོགས་གསུངས་གྲུབ་མཚམས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ།
ཐེངས་འདིའི་ཟབ་སྦྱོང་ཐོག་སཾ་བྷོ་ཊ་ཁྱབ་ཁོངས་ནས་སློབ་སྤྱི་དང་དགེ་ཆེ་གྲངས་ ༢༨ དང་། དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ ༨། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་ ༤། བལ་ཡུལ་གངས་ཅན་བདེ་རྩ་ཁྱབ་ཁོངས་ནས་ ༣ བཅས་ཁྱོན་བསྡོམས་སློབ་སྤྱི་དང་དགེ་ཆེ་གྲངས་ ༤༣ མཉམ་ཞུགས་གནང་ཡོད་པ་བཅས།།