༄༅། །ལས་བྱེད་འདེམས་ལྷན་དང་འོས་བསྡུ་ལས་ཁང་གི་ལས་བྱ་སྲས་ཁང་མཁའ་འགྲོ་དབྱངས་སྐྱིད་ལགས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༦ ཐོ་རངས་ཆུ་ཚོད་ ༡།༣༠ ཐོག་གློ་བུར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་དཔལ་ལྡན་བཀའ་ཤག་ཏུ་སྙན་སེང་བྱུང་བར་ཆེས་ཐུགས་ཕམ་དང་འབྲེལ་དམ་པ་ཁོང་གིས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་དྲོ་ཆུ་ཚོད་ ༤ ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༣ ཟླ་བ་ ༨ ཚེས་ ༧ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༨ ཚེས་ ༤ ནས་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་ལས་བྱ་ཡིག་གད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༢ ཚེས་ ༢༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས།ཕྱི་ལོ་ ༢༠༠༣ ཟླ་བ་ ༠༦ ཚེས་ ༡༨ ནས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱ་ཡིག་གད་དུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༢༥ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས་དང་། འདས་གྲོངས་སུ་མ་གྱུར་བར་ཞབས་ཞུ་སྒྲུབ་མུས་ཡིན་པ་བཅས།།