༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་བོད་ལ་བྱུང་བའི་ས་ཡོམ་གྱི་གནོད་འཚེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ཀྱི་གཞིས་ཆགས་ཁག་གི་བཙན་བྱོལ་བོད་མི་ཚོས་ཚོར་ཤུགས་ཆེན་པོས་སྨོན་ལམ་གསོག་སྒྲུབ་གནང་ཡོད།
དིང་རི་དང་བོད་ཀྱི་སྟོད་ཕྱོགས་ཀྱི་ས་ཁུལ་གཞན་འགར་དོ་ཕོག་ཤུགས་ཆེན་ཕོག་པའི་ས་ཡོམ་དེ་ནི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་བརྒྱབ་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ས་ཡོམ་དེའི་ཤུགས་ཚད་ ༦.༨ ཡིན་པར་བསྒྲགས་ཡོད་ཀྱང་། ཨ་རིའི་ས་ཁམས་ཞིབ་དཔྱོད་ཁང་གིས་ཤུགས་ཚད་ ༧.༡ ཡིན་པའི་ཟིན་ཐོ་བཀོད་ཡོད། གོད་ཆག་དེའི་ཁྲོད་མི་གྲངས་ ༡༢༩ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ ༡༨༨ ཙམ་ལ་རྨས་སྐྱོན་ཕོག་པ། དེ་བཞིན་རྒྱ་གཞུང་གི་བཙན་བཟུང་འོག་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་ས་ཁུལ་དེར་བརྗོད་ཀྱིས་མི་ལང་བའི་དཀའ་སྡུག་འཕྲད་ཡོད་པ་རེད།བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་རང་གི་ཕ་ཡུལ་དང་གཞིས་ལུས་རྒྱ་ཆེའི་མི་མང་དང་བྲལ་ཐབས་མེད་པའི་ལམ་ནས་ཐེངས་འདིར་འཕྲད་པའི་གོད་ཆག་ལ་ཐུན་མོང་གི་མྱ་ངན་དང་སྙིང་རྗེའི་རྣམ་འགྱུར་བསྟན་ཡོད། དགོན་སྡེ་ཁག་ཏུ་གཞིས་འགོ་རྣམས་ཀྱི་གོ་སྒྲིག་འོག་ས་གནས་དགེ་འདུན་པ་དང་། བཙུན་མ། སྐྱ་བོ་རྒན་གཞོན་ཚང་མ་མཉམ་འཛོམས་ཀྱིས་འདས་གྲོངས་སུ་གྱུར་པ་རྣམས་ལ་རྗེས་དྲན་དང་། ཤུལ་ལུས་རྨས་མ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་གསོག་སྒྲུབ་གནང་ཡོད། ས་འགོ་རྣམ་པས་མི་མང་རྣམས་ལ་རྒྱ་དམར་གཞུང་གི་བཙན་བཟུང་འོག་བོད་མི་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མུ་མཐུད་གནས་བཞིན་པའི་སྐབས་འདིར་བཟོད་པར་དཀའ་བའི་འབྱུང་བའི་གོད་ཆག་འདི་འདྲ་ཞིག་མཐོང་དགོས་བྱུང་བར་སེམས་སྡུག་ཚད་མེད་བྱུང་སྐོར་ནན་བརྗོད་གནང་ཅིང་། སྨོན་ལམ་གསོག་སྒྲུབ་འདི་བཙན་བྱོལ་བོད་མི་ཚོས་གཞིས་ལུས་མི་མང་ལ་བཅངས་པའི་མྱ་ངན་དང་སྙིང་སྟོབས་ཀྱི་རྣམ་འགྱུར་ཤུགས་ཆེན་ཞིག་ཏུ་གྱུར་ཡོད། བཙན་བཟུང་འོག་ཏུ་གནས་པའི་རང་རིགས་སྤུན་ཟླ་རྣམས་ལ་ཐད་ཀར་རོགས་རམ་བྱེད་མི་ཐུབ་པའི་སེམས་སྡུག་གསལ་པོར་མངོན་ཡོད་ནའང་། འདུ་འཛོམས་འདི་དག་གིས་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་བཅངས་པའི་འགྱུར་མེད་ཀྱི་སྙིང་སྟོབས་མཚོན།བཙན་བྱོལ་སྤུན་ཟླ་རྣམས་ཀྱིས་མྱ་ངན་གྱི་ལམ་ནས་ད་རེས་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་ནང་མི་རྣམས་ལ་ཐུགས་གསོ་དང་། རེ་བ་དང་རྗེས་དྲན་གྱི་མཚོན་དོན་གྱི་མར་མེའི་མཆོད་འབུལ། དེ་བཞིན་མིག་ཆུ་དང་སྨོན་ལམ་བརྒྱུད་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་གཡོ་བ་མེད་པའི་གདུང་སེམས་མཉམ་བསྐྱེད་ཡོད་པ་བསྐྱར་ནན་དང་། ཁ་བྲལ་དང་གྱོང་གུན་གྱི་དཀའ་ངལ་ཆེན་པོ་ཡོད་ནའང་། བོད་མིའི་སེམས་ཤུགས་དང་འཐབ་རྩོད་མུ་མཐུད་གསོན་པོར་གནས་ཐུབ་པ་བྱ་རྒྱུར་ཆོད་སེམས་བརྟན་པོ་བཅངས་ཡོད་པ་མངོན་ཐུབ། །