༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༠༨ ཉིན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚོགས་ཡོད་ཅིང་། རིན་ཆེན་དབང་མོ་ལགས་ནས་མོན་གྷོ་ས་གནས་འགོ་འཛིན་གསར་པའི་ལས་འཁུར་བཞེས་ཡོད། སྐབས་དེར་མོན་གྷོ་འདོད་རྒུ་གླིང་གི་ལས་དྲུང་བསྟན་འཛིན་བློ་གྲོས་ལགས་དང་། སྤྲོད་དཔང་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཕེབས་ཞུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་ཕུལ་བ་དང་ཆབས་ཅིག ས་གནས་འགོ་འཛིན་གསར་པ་རིན་ཆེན་དབང་མོ་ལགས་སུ་མཇལ་དར་ཕུལ་ཡོད། སྐབས་དེར་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སློབ་གྲྭའི་སྐུ་ཚབ། མཉམ་འབྲེལ་ཚོགས་གཙོ། གཞན་ཡང་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད།
ས་གནས་འགོ་འཛིན་གསར་པ་རིན་ཆེན་དབང་པོ་ལགས་ཀྱིས་གསུང་བཤད་གནང་སྐབས་རང་ཉིད་ཀྱི་ལས་ཡུན་རིང་སྤྱི་ཚོགས་ཞབས་འདེགས་ཞུ་རྒྱུ་དང་། ཡར་རྒྱས་གཏོང་ཕྱོགས་ཐོག་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་ཡོད། དེ་བཞིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མང་ཚོགས་ཀྱི་བདེ་དོན་ཆེད་མཉམ་ལས་དང་། འགོ་ཁྲིད་ཀྱི་གལ་གནད་སྐོར་ནན་བརྗོད་གནང་ཡོད་པ་བཅས།།