༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་གི་བརྒལ་རྟགས་བགྲོ་གླེང་འཚོགས་པར་དབུ་བཞུགས་ཚོགས་ཕེབས་མཛད་ཡོད་པ་རེད།
དེ་ཡང་ཐོག་མར་བྱམས་ཆོས་དང་རིགས་ཚོགས་ཀྱི་རྟགས་གསལ་ལ་ཐུགས་ཞིབ་མཛད་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདིར་དགེ་འདུན་དམངས་འཚོགས་ནས་རྩོད་པ་བརྩད་པ་རེད། ང་ཚོས་རྟགས་གསལ་བཏང་ནས་ཐལ་ཕྱིར། ཁྱབ་དང་མ་ཁྱབ་ཅེས་རྩོད་པ་རྩོད་པ་འདི་དངོས་གནས་སེམས་ཀྱི་སྒྲོ་འདོགས་ཆོད་པ་ལ་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། སྔ་མོ་ངོས་རང་ཆུང་ཆུང་སྐབས་ནས་རྟགས་གསལ་བསླབ་ཅིང་། མཚན་ཞབས་ཁ་ཤས་མཉམ་དུ་རྟགས་གསལ་གཏོང་དུས་དངོས་གནས་སེམས་ལ་སྤོབས་པ་སླེབས་པ་ཞིག་དང་། དོན་ཚན་གལ་ཆེ་བ་སོ་སོར་དོགས་སློང་བྱས་ཏེ་དོགས་པ་ཆོད་ཡོང་དུས་སེམས་ལ་ཡིད་ཆེས་རྙེད་པ་དང་། གདེངས་འཁེལ་བར་ཧ་ཅང་ཕན་ཐོགས་འདུག རྟགས་གསལ་གཏོང་བ་འདི་ཧ་ཅང་ཡག་པོ་འདུག
རྟགས་གསལ་ཡང་ཡིན་པ་ལ་མ་ཡིན་པར་སྒྲུབ། མ་ཡིན་པ་ཡིན་པར་སྒྲུབ་ཐུབ་ན་རིགས་པ་སྦྱང་པའི་ཚད་རེད་ཅེས་རིགས་པ་རྐྱང་པའི་ཐོག་ནས་དཔེ་མཚོན་བཤད་ཀྱི་ཡོད་པ་རེད་མ་གཏོགས་སེམས་ཀྱི་ཉོན་མོངས་དང་། དེའི་དབང་གིས་བྱུང་བའི་ཕྱིན་ཅི་ལོག་པའི་བློ་དེ་དག་རིགས་པ་ཡང་དག་གི་ཐོག་ནས་ཕྱིན་ཅི་ལོག་པའི་བློ་ཡིན་པ་གསལ་ཐུབ་པར་རིགས་པས་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ཀྱི་གསུང་རེད་ཅེས་དང་། དགེ་རྒན་གྱིས་གསུངས་སོང་ཟེར་བ་གཅིག་པུ་མ་ཡིན་པར་རིགས་པ་རང་གིས་སྒྲུབ་ཡོང་དུས་སེམས་ལ་ངེས་པ་ཐོབ་པར་ཧ་ཅང་ཕན་ཐོགས་འདུག སྔ་མོ་ངོས་ཀྱིས་རྟགས་གསལ་སྦྱངས་དུས་རིགས་པས་སྒྲུབ་པ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་རེད་འདུག ཧ་ཅང་ཡག་པོ་འདུག ང་ཚོ་ཚང་མས་ཚོགས་ཀྱི་འདོན་པ་བཏོན་སྡོད་པ་གཅིག་པུ་མ་ཡིན་པར་ཆོས་རར་ཚོགས་ནས་རྟགས་གསལ་གཏོང་དུས་སེམས་ཀྱི་སྒྲོ་འདོགས་གཅོད་པ་དང་། དེ་ཡང་དགེ་བའི་བག་ཆགས་བརྟན་པོ་འཇོག་པར་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། དེ་རིང་འདིར་འཚོགས་པའི་ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།སྔ་མོ་ངོས་ཀྱིས་དཔེ་ཆ་བལྟས་པའི་སྐབས་སུ་མཚན་ཞབས་མི་དགའ་རབ་ཅིག་ཡོད། དེའི་གྲས་ནས་བདེ་ཡངས་མཚན་ཞབས་དེ་ཙམ་རིགས་པ་རྣོ་བོ་ཡོད་པ་མ་རེད། བདེ་ཡངས་མཚན་ཞབས་ལ་ངོས་ཀྱིས་ཧམ་པ་ཡང་ཏོག་ཙམ་བཤད་ནས་རྟགས་གསལ་གཏོང་དུས་ངོས་རང་ཐོབ་ཀྱི་ཡོད། གང་ལྟར་ཡང་སྙིང་རྟགས་གསལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་དང་ཡག་པོ་རེད། སྤྱིར་བཏང་ཧིིན་དྷིའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་ཀྱི་ནང་དུ་སོ་སོའི་ཆོས་དད་བྱེད་སར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་རྨོངས་དད་ཆགས་ཀྱི་ཡོད། ང་རང་ཚོས་འཐད་དང་མ་འཐད་རིགས་པས་དཔྱད་ནས་བཤད་སྡོད་པ་དེས་རྨོངས་དད་མིན་པའི་དགེ་མཚན་ཆེན་པོ་འདུག ཧ་ཅང་ཡག་པོ་རེད། ངོས་རང་ཆུང་ཆུང་སྐབས་གོང་དུ་ཞུས་པ་ལྟར་མཚན་ཞབས་ཚོ་གཙོ་བོ་རེད། རིགས་པས་དཔྱད་པ་བྱས་པ་དེས་ཧ་ཅང་ཕན་ཐོགས་པོ་དང་ཡག་པོ་འདུག ཁྱོད་ཚོ་ཚང་མ་དཔེ་ཆ་བ་རེད། དཔེ་ཆར་བལྟས་ཏེ་རིགས་ལམ་གྱིས་དཔྱད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཧུར་ཐག་གནང་ཤོག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད། །