༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༦ སྲུང་བརྩི་ཞུས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམ་པ་བཅས་ནས་རང་ལུགས་ན་བཟའ་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་ལྷན་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བཞིན་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༦ སྲུང་བརྩི་ཞུས་གྲུབ་མཚམས་གསར་འགོད་པར་གསུང་དོན། དེ་རིང་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་གར་གྱི་རིག་གཞུང་ཕྱུག་པོ་ཡིན་པ་མ་ཟད། རྒྱ་གར་ནི་འཛམ་གླིང་ནང་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་ཆེ་ཤོས་ཀྱི་གྲས་སུ་ཚུད་ཀྱི་ཡོད་པ་བསྟན་རྒྱུ་རེད་འདུག ཕྱི་ལོ་ ༡༩༥༠ ཟླ་བ་ ༡ ཚེས་ ༢༦ ཉིན་ནས་བཟུང་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོ་སྲུང་བརྩི་འགོ་ཚུགས་གནང་བ་རེད། རྒྱ་གར་གཞུང་མང་གཉིས་ནི་བཙན་བྱོལ་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རྒྱ་གར་ནི་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་གྱི་ཡོད།
རྒྱ་གར་གྱི་བཅའ་ཁྲིམས་ནང་བལྟས་པ་ཡིན་ན། དེའི་ནང་དུ་སྡེ་ཚན་བཞི་ཡོད། གཅིག ཁྲིམས་ཀྱི་ཐོག་ནས་ཆོ་ག་ཆོས་ལུགས་དང་། ཕོ་མོ། རིགས་སོགས་ཀྱི་ཁྱད་པར་མེད་པར་ཚང་མ་གཅིག་མཚུངས་ཡིན་པ་དང་། གཉིས་པ། རང་དབང་། གསུམ་པ། ཚང་མ་གཅིག་པ་ཡིན་པ། བཞི་པ། མཛའ་མཐུན་བཅས་རེད།
རྒྱ་གར་ནང་སྐད་ཡིག་དང་། ལུགས་སྲོལ། རིག་གཞུང་སོགས་མི་འདྲ་བ་ཡོད་རུང་རྒྱ་གར་ནང་མང་གཙོའི་ལམ་ལུགས་དེ་ལོ་ངོ་མང་པོའི་རིང་གནས་ཐུབ་པ་ནི་གཟི་བརྗིད་རེད་བསམ་གྱི་འདུག ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་ཀྱང་། བར་སྐབས་སུ་དཀའ་ངལ་འཕྲད་དེ་ཁ་འཐོར་བ་དང་བསྐྱར་གསོ་བྱས་པ་སོགས་མང་པོ་བྱུང་འདུག འོན་ཀྱང་རྒྱ་གར་གྱིས་འོས་ཐོབ་རྗེས་གཅིག་གིས་གཅིག་ལ་བརྩི་བཀུར་ཞུས་པ་དེར་བོད་མི་རྣམས་ཀྱིས་དཔེ་བལྟ་དགོས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས།
དེ་རྗེས་གངས་སྐྱིད་སྲི་བཟློག་མཆོད་རྟེན་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམས་ལ་མངར་ཟས་འདེགས་འབུལ་ཞུས་ཏེ་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༦ པའི་མཛད་སྒོ་དེ་བཞིན་གཟབ་རྒྱས་ངང་སྲུང་བརྩི་ཞུས་གནང་ཡོད་བཅས།།