

ཕྱི་དྲོ་ཆུ་ཚོད་ ༡།༣༠ ནས་ ༢།༤༥ བར་ཌན་མག་གི་སྲིད་བློན་ཟུར་པ་དང་། བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་ (Anders Fogh Rasmumussen; the former NATO Secretary General and former PM of Denmark) མཆོག་གིས་ཆེད་འཛུགས་གནང་བའི་མང་གཙོ་མནའ་འབྲེལ་མཐུན་ཚོགས་ (Alliance of Democracy) ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ (Executive Director Mr Jonas Parello-Plesner) ལགས་དང་། ལས་འཆར་འགན་འཛིན་སྐུ་ཞབས་ (Program Manager Mr.Richard Walakira) ལགས། འབྲེལ་ཡོད་ལས་བྱེད་ (Junior Associate Ms. Maria Roslyng Jensen) བཅས་དང་ཐུག་འཕྲད་ཀྱིས་ཌན་མག་རྒྱལ་ཁབ་ཀྱི་མང་གཙོའི་གནས་སྟངས་དང་། མང་གཙོའི་རྒྱབ་ཁབ་གཞན་དང་མཇའ་འབྲེལ་གནང་ཕྱོགས་སྐོར། འགན་འཛིན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པའི་མྱོང་ཚོར་དང་། རྒྱུན་དུ་བོད་དོན་ལ་ཐུགས་སྣང་གནང་གི་ཡོད་པའི་སྐོར་བཅས་ངོ་སྤྲོད་བྱུང་བ་དང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་གསོལ་རས་ཇི་ལྟར་བསྩལ་བ་ལས་འཕྲོས་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་འཕེལ་རིམ། འོས་བསྡུའི་གནས་སྟངས། མ་འོངས་པར་མཉམ་ལས་གནང་ཕྱོགས་སྐོར་དང་། ཚོགས་པ་འདིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་སྡིངས་ཆ་སོགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་གདན་ཞུ་གནང་སྟེ་༸གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། ཁྱད་པར་དུ་མང་གཙོ་དང་འབྲེལ་བའི་ཐུགས་བཞེད་ཇི་ཡོད་རྣམས་ངོ་སྤྲོད་ཡོང་ཐབས་སྐོར་བཅས་ཞུས་པར་ཞལ་བཞེས་གང་ལེགས་ཐོབ། གཞན་ཡང་དེང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཕྱི་ཡི་རྒྱལ་ཁབ་ཁག་ཏུ་ཡང་ཡང་ཕེབས་རྒྱུའི་གོ་སྐབས་མེད་པར་བརྟེན་གཞོན་སྐྱེས་དོ་སྣང་ཅན་རྣམས་ལ་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁག་རྒྱུས་སྟོན་ཡོང་ཐབས་དང་། ཉིན་ཤས་རིང་རྒྱལ་ས་ཀོ་པན་ཧཱ་གན་དུ་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ “བདེ་སྐྱིད་ཀྱི་ཤེས་རབ་” (Wisdom of Happiness) ཅེས་པ་སྟོན་བཞིན་པར་བརྟེན་ཁྱེད་རྣམ་པ་དང་འབྲེལ་ཡོད་དོ་སྣང་ཅན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གློག་བརྙན་དེར་གཟིགས་རྒྱུའི་སྐུལ་མ་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་གནས་ཞུས་པ་ལྟར་དེ་མ་ཐག་ཏུ་ཁོང་རྣམ་པའི་སྤྱི་ཚོགས་དྲ་རྒྱའི་སྡེ་ཚན་གྱི་གོ་སྒྲིག་འོག་དངོས་བྱུང་གློག་བརྙན་དེ་དང་འབྲེལ་བའི་སྐོར་བརྙན་ཐུང་བརྒྱུད་བརྡ་ལན་འབུལ་རྒྱུའི་གོ་སྐབས་གནང་བ་ལྟར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་ཆ་ཤས་བཞེས་གནང་མཛད།

དགོང་མོ་ཆུ་ཚོད་ ༥།༠༠ ནས་ ༧།༠༠ བར་ཌན་མག་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་གཙོ་ལྕམ་སྐུ་(Ms. Grethe Sorvig, Chairperson; Danish Tibetan Cultural Society) ལགས་ཀྱི་དགོང་ཚིགས་གོ་སྒྲིག་འོག་ཌན་མག་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། རྒྱུན་ཟུར། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ཀྱི་ལྷན་ད་ལན་བོད་དོན་ཞུ་སྐུལ་དང་འབྲེལ་བའི་གནད་དོན་ཁག་དང་། འབྲེལ་ཡོད་ལས་སྣེ་བ་རྣམས་ནས་ཕྱག་ལས་གནང་ཕྱོགས་སྐོར་སོགས་ལ་ཕན་ཚུན་རྒྱུས་ལོན་དང་། ལམ་སྟོན་སོགས་ཞིབ་ཕྲ་གནང་། དེ་རིང་གི་ལས་རིམ་ནང་ཨིན་ལན་སྐུ་ཚབ་དོན་གཅོད་མཆོག་དང་། དྲུང་ཆེ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་གཅིག་བཅས་མཉམ་ཞུགས་གནང་།
ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༥ ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་ ༧།༠༠ བར་ཌན་མག་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ཀོ་པན་ཧཱ་གན་དུ་གནས་སྡོད་བོད་མི་རྣམས་ལ་གཏམ་བཤད་དང་། དྲི་བ་དྲིས་ལན། ས་གནས་འདིར་བོད་དོན་གྱི་གནས་བབ་ཇི་ཡིན། མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་རང་ཚོའི་ལས་འགན་བསྒྲུབ་ཕྱོགས་སོགས་ཀྱི་སྐོར་ལ་ནང་མོལ་ལྷུག་པོ་བྱུང་སྟེ་སྐབས་འདིར་ཌན་མག་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་དང་འབྲེལ་བའི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས། །