༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། ཚོགས་མི་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་རྩིས་ལོ་ ༢༠༢༡་་༢༢ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་བཅས་ལ་ཞིབ་འཇུག་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་སྙན་ཐོར་འཛིན་སྐྱོང་ནས་མཇུག་སྐྱོང་བྱས་ཟིན་པ་རྣམས་ལ་ཞིབ་འཇུག་སོགས་ལེགས་གྲུབ་ཀྱིས་ལས་དོན་མཐའ་དག་མཇུག་བསྒྲིལ་གནང་ཡོད།
མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༤ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་དྲུང་ནས་ལས་དོན་དབུ་འཛུགས་ཀྱིས་ད་བར་ཟླ་བ་བརྒྱད་ཙམ་གྱི་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་། དམིགས་བསལ་རྩིས་ཞིབ་སྙན་ཐོ་གཞི་ལ་བཞག་ནས་ཞིབ་འཇུག་གིས་ཐག་གཅོད་དང་ལམ་སྟོན་ཇི་བྱས་ཀྱི་གྲུབ་འབྲས་གནས་སྟངས་བཅས་ཀྱི་སྙན་ཐོ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པར་སྙན་སྒྲོན་ཞུ་རྒྱུ་ཡིན་པ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༧ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་སུ་ཕུལ་གནང་ཡོད་པ་བཅས། །