༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ནས་ལྡི་ལི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༢ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་ལྡི་ལི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་དང་། ས་གནས་རང་བདེན་ཚོགས་གཙོ། བོད་སྒར་བསམ་ཡས་གླིང་བརྒྱ་འཐུས། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ལྡིི་ལི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་སྤྱི་མི་བརྒྱ་དཔོན་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད།
ཕྱི་ཚེས་ ༡༣ ཉིན་ཞོགས་པ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་དང་ལྷན་ཡུ་པི་ (UP) མངའ་ཁོངས་ནོའི་ཌ་ (Noida) ས་གནས་ཀྱི་ལྷ་ས་བོད་མིའི་སུད་ཚོང་ཁྲོམ་ས་ཁག་ ༧༠ དང་། པོ་ཏཱ་ལ་བོད་མིའི་སུད་ཚོང་ཁྲོམ་ར། (GREATER NOIDA) ས་གནས་ཀྱི་སུད་ཚོང་ཁྲོམ་ས་ཁག་ ༤༠ བཅས་ལ་དངོས་སུ་ཆེད་བཅར་གྱིས་བོད་མི་སུད་ཚོང་བའི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཡོད་པ་བཅས། །