༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལྟར། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནས་ཡུ་རོབ་ཨི་ཊ་ལི་རྒྱལ་ཁབ་ཀྱི་གྲོང་ཁྱེར་མི་ལན་ (Milan) ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་འདུག
དེ་ཡང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་མི་ལན་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་བདེ་ལེགས་ལགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་པ་དང་། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༢༥ ཉིན་ས་གནས་དགེ་འཕེལ་གླིང་ཆོས་ཚོགས་ནང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ས་གནས་བོད་རིགས་མི་མང་རྣམས་ལ་གསུང་བཤད་ཀྱི་ལས་རིམ་བསྐྱངས་ཤིང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་དང་། ཨི་ཊ་ལའི་བོད་རིགས་ཚོགས་པའི་དྲུང་ཆེ་བདེ་ལེགས་ལགས་དང་རྒྱུན་ལས་རྣམ་པ། ས་གནས་བོད་རིགས་མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག
སྐབས་དེའི་མཛད་སྒོའི་ཐོག་མར་ཨི་ཊ་ལའི་བོད་རིགས་ཚོགས་པའི་དྲུང་ཆེ་བདེ་ལེགས་ལགས་ཀྱིས་ཚོགས་པའི་འབྱུང་རིམ་ལོ་རྒྱུས་དང་། ད་ལྟའི་གནས་བབ་བཅས་ཞིབ་ཚགས་ངང་ངོ་སྤྲོད་གསུང་བཤད་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་སྐོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལམ་འབྲས་གསུམ་ལ་སྦྱར་ཏེ་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བ་དང་། དེ་བཞིན་མང་ཚོགས་ཀྱི་དྲི་བ་དང་། དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་འདུག་པ་བཅས། །