༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༩ ནས་ཟླ་བ་ ༢ ཚེས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། ཅེན་ནའི། པོན་ཌི་ཅ་རི། ར་མེ་ཤ་ཝ་རན། མ་དུ་རཱ་ཡི། ཏི་རུ་པ་ཏི། ཀན་ནེ་ཡ་ཀུ་མ་རི། ཏིར་ཅི། ཀོ་ཅིན་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༢ ཚེས་ ༡ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢ ནས་ ༩ བར་གོང་འཁོད་ས་གནས་གཞན་ཁག་ལ་རིམ་པས་ལས་རིམ། ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།