༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༡༧ ཉིན་ཉི་འོང་སྐུ་ཚབ་དོན་ཁང་དང་། ཉི་འོང་བོད་རིགས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཉེ་ལམ་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་དང་། བོད་ནང་གི་གནས་སྟངས་གང་མྱུར་དྲག་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།
དེ་ཡང་པོ་ཏ་ལ་མཐོ་སློབ་ཀྱི་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་དཀོན་མཆོག་སྲི་ཐར་ལགས་ནས་སྨོན་ལམ་དབུ་མཛད་གནང་ཞིང་། བར་དོ་ཐོས་གྲོལ་དང་། སྤྱོད་འཇུག དེ་བཞིན་སྤྱན་རས་གཟིགས་དང་སྒྲོལ་མའི་གཟུང་སྔགས་བཅས་གསུང་འདོན་གནང་ཡོད། སྐབས་དེར་ཉི་འོང་དགེ་འདུན་ལྷན་ཚོགས་ཀྱི་དགེ་འདུན་པ་ཀོ་བྷ་ཡ་ཤི་ (Kobayashi) ལགས་ནས་ཉི་འོང་སྐད་དུ་སྨོན་ལམ་གསུང་འདོན་གནང་།དེ་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཚོགས་བཞུགས་པ་རྣམས་ནས་བོད་ནང་ས་ཡོམ་གྱི་གནོད་སྐྱོན་ཕོག་པ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་གཞིར་བཟུང་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་གནང་ཡོད། ཁོང་གིས་གསར་འགྱུར་བརྒྱུད་ལམ་ཁག་ནས་ས་ཡོམ་འདི་རྒྱ་གར་དང་ཡུ་རེ་ཤི་ཡའི་ས་གཤོང་གཉིས་ཕན་ཚུན་འཕུར་བརྡབ་ལས་བྱུང་བར་བརྗོད་ཀྱང་། རྒྱུ་རྐྱེན་གཙོ་བོ་གཅིག་ནི་རྒྱ་ནག་གིས་ས་ཁུལ་དེ་དག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་རྐྱེན་ལས་བྱུང་བ་ཡིན་པའི་གནས་ཚུལ་གསལ་སྟོན་གནང་ཡོད། དེ་བཞིན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོད་ཆག་འདི་བྱང་ཆུབ་སེམས་པ་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཤིག་ཏུ་བཟུང་དགོས་པའི་བཀའ་སློབ་སྩལ་བའི་སྐོར་གསུངས།
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༧ ཉིན་བོད་གཞིས་ཀ་རྩེའི་ས་ཁུལ་དིང་རིའི་ཁུལ་དུ་ས་ཡོམ་ཚད་གཞི་ ༧.༡ ཅན་ཞིག་བརྒྱབ་ཡོད་པ་དང་། དེར་རྒྱ་ནག་གི་བཤད་ཚུལ་ལྟར་ན་མི་གྲངས་ ༡༢༦ འདས་གྲོངས་སུ་གྱུར་བ་དང་། ཉེན་སྐྱོབ་ཀྱི་ལས་གཞི་ཚགས་ཚུད་བྱུང་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད།
སྨོན་ལམ་སྐབས་ཉི་འོང་དུ་གནས་སྡོད་བོད་མི་དང་། ཉི་འོང་བ་བཅས་མཉམ་ཞུགས་གནང་བ་མ་ཟད། དེ་སྔོན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ (Yamatani Eriko) ལགས་དང་། གྲོས་ཚོགས་འཐུས་མི་ན་གའོ་ཏཱ་ཀེ་ཤི་ (Nagao Takeshi) ལགས་རྣམ་གཉིས་ཉི་འོང་སྐུ་ཚབ་དོན་ཁང་དུ་ཕེབས་ཏེ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་བསྟན་ཡོད་པ་བཅས།།