༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་བོད་དིང་རི་རྫོང་ཁོངས་གྲམ་མཚོ་ཁུལ་གྱི་ཡུལ་སྡེ་ཁག་དང་། མཚོ་སྒོའི་ཡུལ་སྡེ་ཁག་གཙོ་བོར་གྱུར་པའི་ས་གནས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། དེ་བཞིན་གཏིང་སྐྱེས་རྫོང་དང་ངམ་རིང་རྫོང་སོགས་ལ་ས་ཡོམ་ཀྱི་གནོད་འཚེ་བྱུང་ནས་མི་རྒྱུ་ཕྱུགས་གསུམ་ལ་གྱོང་གུན་ཧ་ཅང་ཆེན་པོ་བྱུང་བར་བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁ་དང་། ས་གནས་བུད་མེད་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨན་ཊབ་ཏུ་རྟེན་གཞི་བྱས་པའི་ཀརྨ་བསོད་ནམས་རྒྱ་མཚོ་གླིང་ཆོས་ཚོགས་སུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༡ ཉིན་ཆུ་ཚོད་ ༡༢།༠༠ ནས་ཕྱི་དྲོོ་ཆུ་ཚོད་ ༡༧།༠༠ བར་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད།
སྐབས་དེར་སྦར་སིལ་སྐུ་ཚབ་དོན་ཁང་གི་རྩིས་པ་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་དོན་གཅོད་ཀྱི་ངོ་ཚབ་ཏུ་ངོ་བཅར་ཞུས་ཡོད་པ་དང་། བེལ་ཇི་ཡམ་གྱི་རྒྱ་ཆེའི་མང་ཚོགས་བརྒྱ་སྐོར་མཉམ་འཛོམས་ཀྱིས་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་འཐོབ་པ་དང་། རྨས་སྐྱོན་ཕོག་པའི་ནད་མནར་རྣམས་མྱུར་དུ་ནད་ལས་དྭངས་པ། བཤུལ་ལུས་རྣམས་ལ་ཐུགས་གསོ་སོགས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད།དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ རེས་གཟའ་ཉིན་མའི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༥།༠༠ བར་སྦར་སིལ་དུ་རྟེན་གཞི་བྱས་པའི་དཔལ་ནཱ་ལནྜའི་ཆོས་ཚོགས་སུ་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་ངོས་ནས་བོད་དིང་རི་གཙོས་པའི་ས་ཡོམ་གྱི་གནོད་འཚེའི་ཁྲོད་བོད་མི་ཚེ་སྲོག་ཤོར་བ་རྣམས་ལ་ཛ་དྲག་གི་བསྔོ་སྨོན་དང་། རྨས་མ་རྣམས་མགྱོགས་ནས་མྱུར་དུ་དྲག་བསྐྱེད་ཡོང་བ་དང་། བཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཚོན་ཕྱིར་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་།
མཆོད་འབུལ་སྨོན་ལམ་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་མཆོག་གི་ངོ་ཚབ་ཏུ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་བཅར་ཞུགས་གནང་། དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་ས་ཡོམ་གྱི་གནོད་འཚེའི་ཁྲོད་འདས་གྲོངས་སུ་གྱུར་བ་དང་རྨས་སྐྱོན་ཕོགས་པ། མྱུར་སྐྱོབས་ཀྱི་གནས་སྟངས་དང་ས་གནས་ས་ཐོག་གི་གནས་སྟངས་རྒྱུས་ལོན་ཇི་བྱུང་རྣམས་མང་ཚོགས་ལ་ངོ་སྤྲོད་སྙིང་བསྡུས་གནང་བའི་ཐོག་མཆོད་འབུལ་ལ་བཅར་མཁན་ཚང་མས་ས་ཡོམ་གྱི་གོད་ཆག་ཁྲོད་ཚེ་སྲོག་ཤོར་བའི་བོད་མི་རྣམས་ཀྱི་ཆེད་སེམས་ཁོངས་ནས་བསྔོ་སྨོན་དང་རྨས་སྐྱོན་ཕོགས་པའི་བཤུལ་ལུས་ནང་མི་རྣམས་མགྱོགས་ནས་མྱུར་དུ་དཀའ་སྡུག་གི་རྒྱ་ལས་གྲོལ་བའི་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་རེ་སྐུལ་གནང་ཡོད། །