༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་བུད་མེད་ཐོབ་ཐང་ཚོགས་པ་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་ཟུང་འབྲེལ་ཐོག ཉེ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ལགས་ལ་དྲན་གསོའི་འདུ་འཛོམས་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འཛོམས་སྐབས་རྒྱ་རིགས་མཁས་དབང་དམ་པ་ཁོང་རྒྱ་རིགས་བུད་མེད་བྱས་རྗེས་ཅན་ཞིག་ཡིན་པ། དམིགས་བསལ་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་ནས་རྒྱ་ནག་དམར་ཤོག་གཞུང་གིས་སྦེད་བསུབ་བྱས་པའི་བོད་ལ་རྒྱ་དམར་དམག་གིས་དྲག་པོའི་བཙན་འཛུལ་སྐབས་དམར་གསོད་དང་རྫས་འདེལ་འོག་གཏོར་བཅོམ་བྱས་པའི་ལོ་རྒྱུས་ཀློག་པ་པོ་མང་པོར་མིག་ཁ་ཕྱེ་ཐུབ་པ་བྱུང་ཡོད་པ་སོགས་ལ་ཕྱིར་དྲན་ཞུས།
བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་ལྕམ་ལི་ཅང་ལིན་ལགས་ཀྱིས་བྲིས་གནང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ། ལྷ་ས་ ༡༩༥༩ དང་། ལྕགས་བྱ་ནམ་མཁར་ཕུར་བ། མི་ཚེ་གཅིག་ལ་སྐྱེ་བ་གསུམ་སོགས་ཀྱི་བརྩམས་ཆོས་ནས་རྒྱ་དམར་གྱི་བཙན་འཛུལ་འོག་དམར་གསོད་དང་གཏོར་བཅོམ་བྱས་པའི་ལོ་རྒྱུས་རྒྱ་རིགས་མང་པོ་དང་། ཕྱི་རྒྱལ་ཡུལ་མི་མང་པོས་མཁྱེན་རྟོག་ཐུབ་པ་བྱུང་ཡོད་པ་སོགས་ཁོང་གི་བོད་དོན་ཐོག་ལེགས་སྐྱེས་ཕུལ་བ་རྣམས་ངོ་སྤྲོད་བྱས་པ་དང་། ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས། ནིའུ་ཡོག་ནིའུ་ཇར་སི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་འཛིན་ངག་དབང་ལགས་སོགས་ནས་འདས་པོ་ཁོང་གིས་བོད་དོན་རྒྱབ་སྐྱོར་དང་དམིགས་གསལ་ལོ་རྒྱུས་ངོ་སྤྲོད་ཀྱི་ལམ་ནས་ཕན་ཐོགས་ཤུགས་ཆེ་བྱུང་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་སོང་།
ཚོགས་འཛོམས་སྟེང་ལྕམ་ལི་ཅང་ལིན་ལགས་ཀྱི་བུ་མོ་ཕེབས་གནང་བ་དང་། རྒྱ་རིགས་མཁས་དབང་དང་གྲོགས་པོ། དེ་བཞིན་ཁོང་གི་བྱས་རྗེས་ལ་རྗེས་སུ་ཡི་རང་གནང་མཁན་མང་དག་ཅིག་ནས་མཉམ་ཞུགས་གནང་ཡོད། དྲན་གསོའི་གཏམ་བཤད་གནང་མཁན་ནང་རྒྱ་རིགས་བུད་མེད་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཀྲང་ཅིང་ལགས་དང་། པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གྲགས་ཅན་ཧུ་ཕིང་ལགས། རྒྱ་ནག་དཔལ་འབྱོར་ཉམས་ཞིབ་པ་གྲགས་ཅན་སྐུ་ཞབས་ཁྲིན་ཞོའོ་ནུང་ལགས་དང་ཁོང་གི་སྐུ་ཟླ་ཧི་ཆིང་ལེན་ལགས། རྒྱ་ནག་གི་ཆབ་སྲིད་དཔྱད་གླེང་པ་གྲགས་ཅན་སྐུ་ཞབས་ཁྲིན་པོ་ཁུང་ལགས། འོད་གསལ་གསར་ཁང་གི་འགན་འཛིན་ཝང་རོས་ཆིན་ལགས་སོགས་ནས་དམ་པ་ཁོང་གི་མི་ཚེའི་བྱས་རྗེས་ཁག་དང་འདས་པོ་ཁོང་གིས་རྒྱ་རིགས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་འཇོག་གནང་བ་སོགས་ལ་རྗེས་དྲན་ཞུས་སོང་། བོད་རྒྱའི་ཚོགས་བཅར་བ་རྣམས་ནས་ལྕམ་ལི་ཅང་ལིན་ལགས་ལྟ་བུའི་རྒྱ་རིགས་ཤེས་ལྡན་པ་མང་ཙམ་མ་འོངས་པར་མུ་མཐུད་བོད་དོན་དང་དྲང་བདེན་གྱི་ཆེད་དུ་ཡོང་བའི་སྨོན་ལམ་འབོད་སྐུལ་ཞུས་པ་དང་བཅས། །