༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པ་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཙོ་བཟུང་བགྱིས་ཏེ་ཕ་མེས་ནས་བརྒྱུད་པའི་བོད་ཀྱི་གནའ་བོའི་ཟློས་གར་རིག་གཞུང་སྤྱི་དང་། ཡང་སྒོས་ཨ་ལྕེ་ལྷ་མོའི་ཟློས་གར་སྒྱུ་རྩལ་རྒྱུན་སྐྱོང་དང་གོང་སྤེལ་སྔར་ལྷག་གཏོང་སླད་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་གི་སློབ་གནས་རིམ་པའི་སློབ་གཞི་དང་མཚན་གནས། བྱུང་རིམ་དང་དགོས་དམིགས། གོ་སྐབས་དང་འགན་འཁྲི་ཁག་གསལ་སྟོན་དང་གཏན་འབེབས་ཇི་བྱུང་བཞིན། བོད་མིའི་སློབ་གྲྭ་ཆེ་ཁག་ཏུ་ཡོད་པའི་བོད་ཕྲུག་ན་གཞོན་རྣམས་ལ་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེའི་གནད་དོན་ཞིག་ཏུ་ངོས་འཛིན་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༠ ནས་ ༢༧ བར་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་རྒན་བསྟན་འཛིན་ཕུན་ཚོགས་ལགས་དང་། རིག་གནས་དགེ་རྒན་དང་སྒྱུ་རྩལ་ཉམས་ཞིབ་པ་རྒན་བསོད་ནམས་ཚེ་བརྟན་ལགས། ལས་རོགས་ཟློས་དགེ་རྒན་བསྟན་འཛིན་བྱང་ཆུབ་ལགས། ཟློས་དགེ་སྐལ་བཟང་སྒྲོལ་མ་ལགས་བཅས་ནས་ས་བགོས་གཞིར་བཟུང་བྱང་ཕྱོགས་ཁུལ་བོད་མིའི་སློབ་གྲྭ་ཆེ་ཁག་ཏུ་དངོས་ངོ་བཅར་གནང་ཡོད་ཅིང་། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༩ ནས་ ༡༧ བར་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ལྷོ་གཞིས་ཁག་ཏུ་ངོ་བཅར་གྱིས་དེ་གའི་སློབ་གྲྭ་ཁག་དང་ཁྱབ་ཁོངས་གཞིས་ཆགས་སོ་སོའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་གོ་རྟོགས་གསལ་བཤད་མཐིལ་ཕྱིན་གནང་ཡོད།དེ་བཞིན་སྐབས་དེའི་གོ་སྐབས་དང་བསྟུན་ནས་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལྕེ་ལྷ་མོའི་ཚོགས་པ་གསར་འཛུགས་དང་རྒྱུན་སྐྱོང་ཐུབ་ཐབས་སུ་སྐུ་ཚེ་ཧྲིལ་པོ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཐོག་ཞབས་འདེགས་ཞུ་མཁན་སྦེལ་ཀོབ་ལུགས་བསམ་རྒན་གསོ་ཁང་དུ་བཅའ་བཞུགས་ཀུན་བདེ་གླིང་རྒན་ཐུབ་བསྟན་ལགས་དང་། སྦེལ་ཀོབ་བདེ་སླར་ནང་ཁྱིམ་དུ་བཅའ་བཞུགས་རྒན་འཕྲིན་ལས་དགོན་པོ། (རྡོབ་རྡོབ་) ལགས་རྣམ་གཉིས་དངོས་སུ་ངོ་མཇལ་གྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་། ཨ་ལྕེ་ལྷ་མོ་ཚོགས་པ་ཐུན་མོང་ནས་ཐུགས་རྗེ་ལེགས་གསོལ་གྱི་མཇལ་མོལ་དང་ཁོང་རྣམ་གཉིས་སྐུ་ཚེ་ཡུན་རིང་བརྟན་ནས་བོད་ཀྱི་ཨ་ལྕེ་ལྷོ་མོའི་བྱ་གཞག་ཐོག་མུ་མཐུད་ལམ་སྟོན་མཐུན་འགྱུར་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་གོ་སྐབས་བྱུང་།
ད་ལན་བོད་མིའི་སློབ་གྲྭ་ཁག་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་གྱི་བསླབ་གཞི་དང་མཚན་གནས། དེ་བཞིན་དགོས་དམིགས་སོགས་དངོས་སུ་ངོ་སྤྲོད་དང་གོ་རྟོགས་སྤེལ་བ་འདི་ནི་ཐེངས་དང་པོ་ཆགས་ཡོད་ཅིང་། གོ་རྟོགས་འདི་སྤེལ་བ་བརྒྱུད་བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་ནང་སློབ་གཉེར་བྱ་རྒྱུའི་བཅོས་མིན་གྱི་འདུན་པ་དང་དོ་དབྱིངས་ཡོང་མཁན་གང་མང་འཛུལ་བཞུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། །