༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་ཉིན་གཉིས་རིང་གི་གཞུང་འབྲེལ་འཚམས་གཟིགས་ཡོངས་སུ་གྲུབ་ཡོད། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༦ དང་ ༡༧ ཉིན་ལ་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་རྒྱལ་ས་རོམ་ཏུ་འབྲེལ་ཡོད་མི་སྣ་ཁག་དང་དངོས་སུ་མཇལ་འཕྲད་དམ་དྲ་རྒྱ་བརྒྱུད་བཀའ་མོལ་གནང་ཡོད་པ་དང་། བཀའ་བློན་མཆོག་གི་འཚམས་གཟིགས་སྐབས་སུ་སུད་སི་དོན་ཁང་གི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་མཉམ་བཅར་ཞུས་ཡོད། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་ཉིན་གཉིས་ཀྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་ཕྱི་ཚེས་ ༡༨ ཉིན་ཕྱིར་རྒྱ་གར་ལ་ཕེབས་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དྲ་རྒྱ་བརྒྱུད་ཏཱ་ར་སྤྱི་ཁྱབ་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་སློབ་གཉེར་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཕི་ལི་པོ་སི་ཆི་ན་ལགས་དང་མཇལ་མོལ་གནང་། ཕི་ལི་པོ་སི་ཆི་ན་ལགས་ནི་ཨི་ཊ་ལིའི་རྒྱལ་ཁབ་དུ་ནང་ཆོས་སྤེལ་མཁན་གཙོ་གྲས་ཤིག་ཡིན། ཁོང་གིས་འགྲོ་བ་མིའི་རང་བཞིན་ལྡན་པའི་ཡོན་ཏན་བྱམས་པ་དང་། སྙིང་རྗེ། ཤེས་རབ་བཅས་ཀྱི་སྐོར་སྐུལ་སློང་གནང་ཡོད། ཁོང་གིས་ཨི་ཊ་ལིའི་ནང་ཆོས་ཚོགས་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་མ་ཟད། དེ་སྔོན་ཨི་ཊ་ལིའི་ནང་ཆོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་ཡོད།
དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཙོ་གྲས་ཁལ་ཌི་ཡོ་ལགས་དང་མཉམ་དྲ་ལམ་བརྒྱུད་མཇལ་མོལ་གནང་། ལྕམ་མེ་རི་ལ་ལགས་དང་དངོས་སུ་མཇལ་འཕྲད་གནང་ཡོད། མཇལ་མོལ་སྐབས་སུ་བདེ་སྲུང་བཀའ་བློན་ཆེན་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་རྒྱབ་སྐྱོར་རྒྱུན་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བཀའ་བློན་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་བར་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ལས་དོན་འདིའི་རིགས་ཀྱིས་བོད་དོན་འཛམ་གླིང་ཐོག་ཁྱབ་སྤེལ་གཏོང་བར་གལ་ཆེའི་ནུས་པ་བཏོན་ཡོད་པར་ངོས་འཛིན་གནང་།
ཕྱི་ཚེས་ ༡༨ ཉིན་བདེ་སྲུང་བཀའ་བློན་མཆོག་གིས་རོམ་གྱི་འཚམས་གཟིགས་མཇུག་གྲུབ་ནས་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་དང་། ཨི་ཊ་ལིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཉི་མ་དོན་གྲུབ་ལགས་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བཅས་མགྲོན་ཁང་དུ་བཀའ་བློན་མཆོག་ལ་ཕེབས་སྐྱེལ་ཞུས་ཡོད།།