༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༨ ཉིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་འཇར་མན་རོགས་ཚོགས་ (FNF) ཀྱི་མཐུན་འགྱུར་གོ་སྒྲིག་ཞུས་ཏེ་ཡུལ་དེའི་གྲོང་ཁྱེར་མེནཛི་ཞེས་པར་རྟེན་གཞི་བྱས་པའི་བཟོ་ལས་སྦྱོང་བརྡར་བསྟི་གནས་ཁང་ (Mainz Industrial Institute for Vocational and Further Trainin) དུ་གཟིགས་སྐོར་གནང་ཡོད། བཟོ་ལས་ཁང་དེར་གཙོ་ཆེར་ལྕགས་རིགས་ལས་བཟོ་དང་གློག་རིགས་འཕྲུལ་ཆས་ལས་རིགས་ཐོག་སྦྱོང་བརྡར་སྤྲོད་བཞིན་ཡོད་ལ། བཟོ་ལས་ཁང་དེ་ནས་ལོ་ལྟར་སློབ་མ་ ༥༠༠ སློབ་ཐོན་གྱིས་འཇར་མན་གྱི་བཟོ་གྲྭ་ཆེ་ཆུང་སྣ་ཚོགས་ནང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཡར་རྒྱས་ལས་གཞིར་ལེགས་སྐྱེས་འབུལ་བཞིན་འདུག
དེ་རྗེས་བཀའ་བློན་མཆོག་ཚན་རིག་མཐོ་སློབ་ཁང་ (University of Applied Sciences Mainz) ཞེས་པ་དེར་གཟིགས་སྐོར་གནང་ཡོད། མཐོ་སློབ་འདི་ནི་སློབ་ཕྲུག་ཚོར་ཚན་རིག་དང་ཚོང་ལས། བཟོ་བཀོད་ཀྱི་སྦྱོང་བརྡར་སློབ་ཁྲིད་བྱེད་མཁན་ཞིག་ཡིན་འདུག གཟིགས་སྐོར་སྐབས་བདེ་སྲུང་དྲུང་ལས་ཟླ་བ་སྒྲོལ་མ་ལྷན་བཅར་ཞུས་ཡོད་པ་བཅས།།