༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་འཇར་མན་གྲོང་ཁྱེར་སུཊུཊ་གྷཊ་ (Stuttgart) ཏུ་རྟེན་གཞི་བྱས་པའི་ཨི་བེར་ཧཱརཌ་ཀལསི་གཙུག་ལག་སློབ་གྲྭ་ཆེན་མོར་ (Eberhard Karls University of Tübingen) ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་མཐོ་སློབ་དེའི་གོ་ལའི་བཟང་སྤྱོད་སློབ་གསོ་བསྟི་གནས་ཁང་ (Global Ethic Institute) གི་ཚན་པར་ཕེབས་ཡོད། སྐབས་དེར་ཚན་པའི་འགན་འཛིན་སྐུ་ཞབས་ཁི་རིསི་ཊོབ་ (Prof. Hans-Christoph Reiss) ལགས་ཀྱིས་མཐོ་སློབ་ཚན་པའི་རྒྱབ་ལྗོངས་ངོ་སྤྲོད་གནང་། དེ་རྗེས་རང་དབང་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཡུ་ལི་ཡསི་གུ་རུང་ཀེ་ (Mr. Julius Grunke) ལགས་དང་མཇལ་འཕྲད་གནང་ཡོད། སྤྱིར་མཐོ་སློབ་དེར་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།གཞན་ཡང་ཕྱི་ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་འཇར་མན་གྱི་ཧམ་བྷག་ (Hambach) རྫོང་ཁོངས་སུ་རྟེན་གཞི་བྱས་པའི་མང་གཙོའི་ལམ་ལུགས་བསྐྱར་གསོ་བྱེད་སའི་མཁར་རྙིང་གྲགས་ཅན་ཧམ་བྷག་མཁར་རྫོང་ (Hambach Castle) དུ་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་དང་། སྐབས་དེར་འཇར་མན་རང་དབང་མང་གཙོ་ཚོགས་པའི་(Free Democratic Party) ཕྱི་ལོ་ ༢༠༢༥ ལོའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་རིམ་ནང་འགྲན་བསྡུར་གནང་མཁན་སྐུ་ཞབས་རཱལ་ཕི་སི་ཊུ་བྷར་(Ralf Stuber) ལགས་དང་མཇལ་འཕྲད་གནང་ཡོད། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ལྷན་བདེ་སྲུང་དྲུང་ལས་ཟླ་བ་སྒྲོལ་མ་ལྷན་བཅར་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།