༄༅། །དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལྷན་རྒྱས་མཆོག་གི་དྲུང་དུ།
ཞུ་གསོལ། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཙོ་བཟུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་གཙོ་བོར་གྱུར་བའི་བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་ཁག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གྱི་ལས་དོན་གཉེར་བཞིན་ཡོད་མུས་ལྟར་། འདི་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་ན་གཞོན་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་རྒྱུད་འཇགས་ཡོང་རྒྱུར་དམིགས་ཏེ་བོད་ཀྱི་རྩ་ཆེའི་རིག་གཞུང་གཙོ་བོར་འགྱུར་བའི་བོད་མིའི་གོམས་གཞིས་བཟང་པོ་དང་བོད་ཀྱི་ཟློས་གར་སྒྱུ་རྩལ་ངོ་སྤྲོད། ཡུལ་ལུང་ཁག་གི་གཞས་སྣ། རོལ་ཆའི་རྣམ་གྲངས། ལྷ་མོ་དང་རྣམ་ཐར་སོགས་ལ་གོ་རྟོགས་སྤེལ་ཆེད་ཕྱི་ལོ་ ༢༠༢༬ ལོར་ ༼དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར།༽ ཐེངས་དང་པོ་དང་ ༢༠༢༤ ལོར་ཐེངས་གཉིས་པ་་གོ་སྒྲིག་ཞུས་པ་བཞིན་སྐབས་དེར་མཉམ་བཞུགས་གནང་མཁན་གྱི་གཞོན་སྐྱེས་ཚོའི་ཁྲོད་དོ་དབྱིངས་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཇི་བྱུང་ལ་གཞི་བཅོལ་ཏེ་བསྐྱར་དུ་ལས་གཞི་གོ་སྒྲིག་ཞུ་འཆར་ལགས་ན། ལས་གཞིའི་ནང་མཉམ་ཞུགས་གནང་བློ་ཡོད་རིགས་རྣམས་ནས་ཐུགས་སྣང་དགོས་པའི་གནད་དོན་ཁག་གཅིག་ཟུར་བཏོན་ཞུས་པ་གཤལ་གསལ།
ཀ། ལས་གཞིའི་དུས་ཡུན། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡ ནས་ ཚེས་ ༣༡ བར་ཉིན་གྲངས་ ༣༡།
ཁ། ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ནས་ ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༣༡ བར།
ག སློབ་ཕྲུག་གྲངས་ཚད། བུ། ༡༥ དང་ བུ་མོ། ༡༥
ང་། མཐུན་འགྱུར། སྦྱོང་བརྡར་། བཞུགས་གནས། ཞལ་ལག་དང་སྦྱོང་བརྡར་མཁོ་ཆས། རྡ་ས་ནང་ཁུལ་ཉམས་གསོག་སྐོར་སྐྱོད་འགྲིམ་འགྲུལ།
ཅ། རེ་གཟའ་སྤེན་པ་གཉིས་པ་དང་བཞི་པ་གཉིས་མ་གཏོགས་གཞན་སློབ་ཕྲུག་རྣམས་ཕ་མའམ་སྤུན་ཆེད་ནས་དགུང་སེང་དུ་བསུ་ལེན་མི་ཆོག
ཆ། ཆ་རྐྱེན།
༡། སློབ་ཕྲུག་གི་རང་ལོ་བཅུ་གསུམ་ནས་ཉི་ཤུ་རྩ་ལྔ་བར་ཡིན་དགོས།
༢། ཕྱིར་སྐྱོད་ལག་འཁྱེར་ཡང་ན་ཕྱིར་སྐྱོད་ལམ་ཡིག་ངོ་བཤུས། Passport and visa copy
༣། ཟླ་བ་གཅིག་གི་རིང་སློབ་ཡོན་ལ་ཨ་སྒོར་ ༥༥༠ འབུལ་དགོས།
ཆ། སློབ་ཚན། སོ་སོའི་འདོད་མོས་གཞི་བཟུང་སློབ་ཁྲིད་བྱ་རྒྱུ།
ཞིབ་ཕྲའི་གནས་ཚུལ་དང་འཚང་སྙན་འགེངས་ཤོག་སོགས་བོད་ཀྱི་ཟློས་གར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་འདོན་སྤེལ་ཞུས་ཡོད་པས་། དེ་དོན་རང་མི་རིགས་ཀྱི་རིག་གཞུང་ལ་ཐུགས་སྣང་དང་དོ་དབྱིངས་ཡོད་པའི་ཁྱབ་ཁོངས་ས་གནས་སོ་སོའི་བོད་རིགས་ན་གཞོན་གང་མང་འཛུལ་ཞུགས་ཐུབ་ཐབས་སུ་ལྷན་རྒྱས་ནས་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཟའ་མཇུག་རིག་གཞུང་སློབ་དགེ་ཁག་སོགས་བརྒྱུད་གོང་དུ་ཟུར་བཏོན་ཞུས་པའི་ལས་གཞིའི་ལས་རིམ་ཁག་གསལ་བསྒྲགས་རྒྱ་གང་ཆེ་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། འཚང་སྙན་འགེངས་ཤོག་དང་འབྲེལ་བའི་ཡིག་ཆའི་ངོ་བཤུས་རྣམས་གློག་འཕྲིན་ཁ་བྱང་[email protected]བརྒྱུད་དེ་ཁུངས་འབུལ་ཞུ་དགོས་པ་དང་གལ་སྲིད་དོགས་འདྲི་དང་བཀའ་འདྲི་གནང་དགོས་མཆིས་ཚེ་འདི་གའི་ལས་བྱེད་ཚེ་རིང་དབང་འདུས་ལགས་ཀྱི་སྐད་འཕྲིན་ཞལ་པར་ཨང་གྲངས་ +91 8894996646 འདི་བརྒྱུད་དེ་འབྲེལ་བ་གནང་སྐྱོང་ཡོང་བ་རྣམ་མངའ་ཞུ། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣ ཉིན་ཕུལ།།