༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༧ དང་ ༠༨ ཉིན་ལྷོ་ཁའི་གྱ་སྟོན་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་འདོད་རྒུ་གཡུ་རྒྱལ་གླིང་དུ་རྟེན་གཞི་བྱས་པའི་གོང་དཀར་ཆོས་སྡེ་དགོན་དུ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་ཆེ་འཆང་ཆེན་པོ་མཆོག་གི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ཆོས་རིག་དྲུང་ཆེ་དམིགས་བསལ་སྐུ་མགྲོན་དུ་ཇི་ལྟར་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་སྩལ་གནང་མཛད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གྱ་སྟོན་སྲུང་བརྩིའི་མཛད་རིམ་དངོས་སུ་དབུ་འཛུགས་གནང་ཡོད། དེ་ཡང་ཐོག་མ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཞོན་བྱམས་པ་ཟླ་བ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་ཞིང་། ཚོགས་གཙོ་དགེ་བཤེས་བཟང་པོ་ལགས་ནས་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་དགོས་དམིགས་སྐོར་གསུང་བཤད་གནང་།
དེ་རྗེས་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཡུམ་བུ་བླ་མཁར་གཟེངས་རྟགས་ཕུལ་ཞིང་། ཆོས་རིག་དྲུང་ཆེས་རྒྱལ་ཡུམ་སྐུ་ཞབས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཡུམ་བུ་བླ་མཁར་གྱི་གཟེངས་རྟགས་ཕུལ་ཡོད། དེ་བཞིན་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་དྲིན་ཆེན་ཕྱག་རྟགས་ཕུལ་ཏེ་འཁྲུངས་སྐར་གྱི་སྤྲི་གོར་འགྲེམས་སྤེལ་གནང་།དེ་རྗེས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས། དེ་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་སྨན་པ་སྐལ་བཟང་དོན་ལྡན་ལགས་དང་། སློབ་གཉེར་བ་ཀུན་དགའ་བདེ་ཆེན་ལ་ཡུམ་བུ་བླ་མཁར་ཤེས་ཡོན་གཟེངས་རྟགས་དང་། ཆོས་རིག་དྲུང་ཆེ་དང་ཀསྜི་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་སྩལ་གནང་མཛད། དེ་རྗེས་གཞས་སྣ་དང་སྙན་ངག་གྱེར་འདོན་ཁག་ཅིག་གཟིགས་འབུལ་ཞུས་རྗེས་དཔེ་དེབ་དབུ་འབྱེད་གནང་གྲུབ་མཚམས། ཆོས་རིག་དྲུང་ཆེས་གསུང་བཤད་གནང་མཐར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད། དེ་རྗེས་ཉེ་འཁོར་བོད་མིའི་གཞིས་ཆགས་ཁག་ཅིག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་གྱ་སྟོན་སྲུང་བརྩིའི་མཛད་སྒོ་ལེགས་གྲུབ་ངང་སྲུང་བརྩི་ཞུས།
ཕྱི་ཚེས་ ༨ ཉིན་ལྷོ་ཁ་མི་མང་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ཆོས་རིག་དྲུང་ཆེས་མཉམ་ཞུགས་གནང་ཡོད་པ་བཅས།། །།