༄༅། ། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྷག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་རྒྱ་གར་བྱང་ཤར་སྤྱི་ཁྱབ་པ་རྡོ་རྗེ་རིག་འཛིན་ལགས་དང་། ས་གནས་བོད་མིའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། དེ་བཞིན་ས་གནས་མང་ཚོགས་བཅས་ནས་ཕེབས་བསུ་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་ལུ་སྒར་དུ་ས་གནས་མི་མང་ཚོགས་ཁང་དབུ་འབྱེད་དང་། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་འཚམས་གཟིགས། ཕྱི་དྲོར་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དུ་མཆོད་མཇལ་དང་མཁར་ཤང་ཁ་འཐོར་མི་མང་དང་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་གསར་རྒྱག་གི་ལས་གཞིར་གཟིགས་ཞིབ་དང་། ས་གནས་རང་བདེན་ཚོགས་ཆུང་དང་། རྡོར་གླིང་རང་འཚོ་བཟོ་གྲྭ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ་བཅས་སུ་འཚམས་གཟིགས་གནང་རྗེས་ས་གནས་མང་ཚོགས་དང་དགེ་སློབ་རྣམས་ལ་གསུང་བཤད་གནང་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ནང་བོད་མི་རིགས་ཀྱི་ངོ་བོ་དང་། ལོ་རྒྱུས་ཀྱི་གལ་གནད་སྐོར་ནན་བརྗོད་གནང་བ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་བོད་དང་རྒྱ་ནག་བར་གྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པའི་སྐོར་གསལ་བཀྲོལ་གནང་ཡོད།
རྒྱ་ནག་དམར་གཞུང་གིས་བོད་ལ་ཁྲིམས་མཐུན་བདག་དབང་ཡོད་ལུགས་འཁྱོག་བཤད་བྱེད་བཞིན་པའི་གནད་དོན་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཤེས་པའི་ཐོག་ནས་རང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དགོས་པའི་ནན་བརྗོད་གནང་ཡོད། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། མང་ཚོགས་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མི་ཉམས་རྒྱུན་འཛིན་ཐད་མཉམ་རུབ་དགོས་པའི་ཞབས་སྐུལ་གནང་།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་སྐུ་ཞབས་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ལགས་དང་། རྒྱ་ནག་གི་མཁས་པ་ལིག་ཧན་ཁྲིན་ལགས་ཀྱི་བརྩམས་ཆོས་ནང་། བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་སྐོར་ཞིབ་ཕྲ་གསལ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ད་བར་སེལ་ཐུབ་མེད་པའི་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ལམ་ནས་སེལ་བར་བོད་མི་རིགས་ཀྱི་ངོ་བོ་མུ་མཐུད་གནས་དགོས་པའི་གལ་གནད་དང་སྦྲགས། བོད་མི་ཡོངས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ལ་མི་ལྟོས་པར་ནང་ཁུལ་ཆིག་སྒྲིལ་དགོས་པའི་ལམ་སྟོན་གནང་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་དུ་གཟིགས་སྐོར་གནང་སྟེ་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་པ་བཅས།།