༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ཏེ་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམས་ཀྱིས་གཙོས་མི་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་༸སྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས་གྲུབ་མཚམས་ས་གནས་ཀྱི་དཔོན་རིགས་དང་། གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་ཁོང་རྣམས་ནས་ས་གནས་ཀྱི་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ས་གནས་མི་མང་གི་བདེ་དོན་རྟོགས་ཞིབ་སླད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་ཆགས་ཁག་དང་། ཀྲུ་ཀྲིང་གི་བོད་མི་གནས་སྡོད་ཆེད་གཞིས་ཆགས་གསར་པའི་ལས་གཞིར་གཟིགས་སྐོར་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་སྐབས་བོད་མཐོ་སྒང་གི་གནས་བབ་དང་ཐབས་བྱུས་ཀྱི་གལ་གནད་སྐོར་དང་འབྲེལ་རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྐོར་དང་། དེས་ཁོར་ཡུག་དང་ཐབས་བྱུས་ཐོག་ནས་གཙང་པོའི་ཉེ་འགྲམ་གྱི་མི་མང་ལ་གནོད་སྐྱོན་ཚབས་ཆེན་ཡོང་ངེས་ཡིན་པ་མ་ཟད། ལས་གཞི་དེ་དག་གི་ས་ཁུལ་དེར་ས་ཡོམ་གྱི་ཉེན་ཁ་ཆེ་རུ་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཉེ་ཆར་བོད་དིང་རིའི་ས་ཁུལ་དུ་བྱུང་བའི་ས་ཡོམ་འདིས་རང་བྱུང་གོད་ཆག་མུ་མཐུད་ཡོང་སྲིད་པའི་དྲན་སྐུལ་གསལ་པོ་ཞིག་རེད། ཅེས་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༦ པས་ལེགས་གྲུབ་བྱུང་བ་དང་། འགྲོ་བཞིན་པའི་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཁྱེན་རྒྱ་ཆེ་བའི་དབུ་ཁྲིད་ལམ་སྟོན་ལ་བསྔགས་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་མི་རབས་རྒན་པ་ཚོའི་བཀའ་དྲིན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྟན་པོ་ཚུགས་ཐུབ་པ་དང་། དེས་མང་གཙོའི་ལམ་སྲོལ་བརྟན་པོ་ཞིག་བསྐྲུན་ཞིང་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མིའི་རང་དབང་སླར་གསོའི་ཆེད་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དང་མི་མང་། ལྷག་པར་ཨ་རུ་ཎཱ་ཅལ་མངའ་སྡེའི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་མི་རྣམས་ལ་ས་གནས་ཡུལ་མི་དང་མཐུན་ལམ་གོང་འཕེལ་མུ་མཐུད་གཏོང་དགོས་གལ་ཡིན་པ་མ་ཟད། ས་གནས་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་གནང་།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐེངས་འདིའི་ཨ་རུ་ཎཱ་ཅལ་མངའ་སྡེའི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་ནུབ་སྦེང་གལ་ཁུལ་གྱི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་བཅས།།