༄༅། །བོད་མིའི་སྒྲིག་འཛུགས་ནས་བོད་གཞིས་ཀ་རྩེའི་དིང་རི་རྫོང་ཁོངས་གྲམ་མཚོ་དང་། ཆུ་ལྷོ། མཚོ་སྒོ། དེ་བཞིན་ས་སྐྱ་རྫོང་དང་། ངམ་རིང་། ལྷ་རྩེ། གཏིང་སྐྱེས་བཅས་ཀྱི་ས་ཁུལ་དུ་ས་ཡོམ་ཤུགས་ཚད་ ༧་༡ ཅན་གྱི་གོད་ཆག་ཆེན་པོ་བྱུང་བར་མྱ་ངན་ཞུ་བཞིན་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༩ བར་མི་གྲངས་ ༡༢༦ ལྷག་འདས་གྲོངས་སུ་གྱུར་བ་དང་། བརྒྱ་ཕྲག་མང་པོར་རྨས་སྐྱོན་ཕོག་པ་བྱུང་ཡོད་ཅིང་། ད་དུང་འདས་རྨས་ཀྱི་གྲངས་འབོར་འཕར་བཞིན་ཡོད། རྒྱ་གར་དང་། བལ་ཡུལ། འབྲུག་གི་ས་ཁུལ་འགའ་ཤས་སུའང་ས་ཡོམ་གྱི་འགུལ་ཚད་ཚོར་ཡོད།
བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་གཞུང་དང་། གྲོས་ཚོགས། ཚོགས་པ། དཔོན་རིགས། སྒེར་པ་བཅས་ནས་ས་ཡོམ་གྱི་གནས་ཚུལ་ཐོས་འཕྲལ་སེམས་འཚབ་དང་། རོགས་རམ་གནང་རྒྱུའི་གསལ་བསྒྲགས་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ས་གནས་སུ་འགྲོ་བསྐྱོད་ཀྱི་དཀའ་ངལ་ཡོད་ཀྱང་། ས་ཡོམ་གྱི་གནོད་འཚེ་སྐོར་འགན་འཁུར་ལྡན་པའི་སྒོ་ནས་གནས་ཚུལ་ཁྱབ་སྤེལ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ཁྱབ་སྤེལ་གནང་བར་བརྟེན་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་དང་གདོང་ལེན་བྱ་རྒྱུར་ཕན་ནུས་ཆེན་པོ་བྱུང་ཡོད།
དུས་སྐབས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མཐུན་སྒྲིལ་གྱི་ནུས་པ་ཤུགས་ཆེར་མངོན་ཐུབ་པ་དང་། ས་མཚམས་ལས་བརྒལ་བའི་ལས་འགུལ་སྔར་མེད་ཅིག་སྤེལ་ཐུབ་ཡོད། ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨོན་ལམ་གསོག་སྒྲུབ་ཙམ་མ་ཟད། བོད་ནང་གི་སྤུན་ཟླ་ཚོས་གནོད་འཚེ་ཕོག་པའི་ཁྱིམ་ཚང་རྣམས་ལ་མྱུར་སྐྱོབ་རོགས་དངུལ་དང་མཁོ་ཆས་བགོ་འགྲེམས་ཀྱི་ལས་གཞི་སྤེལ་ཡོད། འགྲོ་བ་མིའི་རིན་ཐང་དང་ལྡན་པའི་རོགས་རམ་འདི་ཡིས་བོད་མི་རིགས་ཀྱི་སྙིང་སྟོབས་དང་། སེམས་འགུལ་ཐེབས་པའི་བོད་མིའི་མཐུན་སྒྲིལ། དེ་བཞིན་དཀའ་ངལ་ཆེ་བའི་དུས་སྐབས་སུ་སྡུག་ངལ་སེལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་ཐུབ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་ས་ཡོམ་གྱི་གནོད་འཚེ་ཕོག་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་ཞིག་ཚོགས་གནང་ཡོད་པ་དང་། སྐབས་དེར་བོད་མི་སྟོང་ཕྲག་མང་པོས་མཉམ་ཞུགས་གནང་ཡོད། བཀྲ་ཤིས་ལྷུན་པོ་དགོན་པ་ནི་བོད་གཞིས་ཀ་རྩེ་དང་། པཎ་ཆེན་རིན་པོ་ཆེའི་གདན་ས་དང་འབྲེལ་བ་ཡོད་པས་གནད་འགག་ཆེན་པོ་ཆགས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་གྱུར་ཡོད་པ་དང་། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་བོད་མི་རྣམས་ལ་ཁོང་གི་ཞལ་མཇལ་ཐུབ་ཚེ་སེམས་གསོ་དང་རེ་བ་ཆེན་པོ་སྦྱིན་ཐུབ་རྒྱུ་རེད། དེ་མཚུངས་བོད་མིའི་སྒྲིག་འཛུགས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད་པ་དེས་ང་ཚོའི་སྤྱི་ཚོགས་ཀྱི་གཅིག་གྱུར་གྱི་ཡ་ལན་ཞིག་ཀྱང་མཚོན་ཐུབ།
རྒྱ་ནག་གཞུང་གིས་ས་ཡོམ་གོད་ཆག་ཕོག་པའི་ས་ཁུལ་དེ་དག་ཏུ་དམ་བསྒྲགས་ནན་པོ་བྱེད་བཞིན་པ་དེས་འདས་གྲོངས་ཕྱིན་པའི་གྲངས་འབོར་དང་། ཛ་དྲག་རོགས་སྐྱོབ་ལས་གཞིའི་འདང་ངེས་ཡོད་མེད་ཞིབ་འཇུག་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རོགས་སྐྱོབ་ཚོགས་པ་དང་། གསར་འགོད་པ་རྣམས་ལ་དམ་བསྒྲགས་མེད་པར་ཕེབས་ཆོག་པའི་ཆོག་མཆན་སྤྲོད་དེ་ཕྱི་གསལ་ནང་གསལ་དང་། འགན་འཁུར་ངེས་པར་དུ་ཡོད་པ་བཟོ་དགོས། དེ་ནི་སྨན་བཅོས་རོགས་རམ་སོགས་འགྲོ་བ་མིའི་རོགས་སྐྱོབ་ལས་དོན་སྤེལ་རྒྱུ་དང་། གནས་སྟངས་ལ་ལྟ་རྟོག་བྱ་རྒྱུར་གལ་གང་ཆེན་པོ་ཆགས་ཡོད། ང་ཚོས་རྒྱ་གཞུང་ལ་བསྐྱར་བཟོའི་ལས་གཞི་ནང་བོད་མིའི་སྲོལ་རྒྱུན་གྱི་དགོས་མཁོ་དང་། གཞི་རྩའི་ཐོབ་ཐང་ལ་བསམ་ཞིབ་བྱས་ཏེ་འོས་མཚམས་ཀྱི་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་མ་འོངས་པར་རྐྱེན་ངན་འགོག་ཐབས་ཀྱི་ཆེད་དུ་གྲ་སྒྲིག་འཆར་གཞི་བཟོ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན།
བོད་ནང་གི་ས་ཡོམ་གྱི་གནས་ཚུལ་ཐོག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ཁྱབ་སྤེལ་རྒྱ་ཆེ་གནང་བར་བཀའ་དྲིན་ཆེན་པོ་ཡིན་ནའང་། གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་གསལ་བསྒྲགས་ཁག་ཅིག་ནང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་པའི་ཐ་སྙད་བེད་སྤྱོད་གཏོང་བཞིན་པར་སེམས་འཚབ་ཡོད། དཔེར་ན། བོད། ཅེས་པའི་ཚབ་ཏུ་ ཤིས་ཙང་། ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བ་ནི་བོད་རིག་གཞུང་གི་ངོ་བོ་མེད་པ་བཟོ་བ་དང་། རྒྱ་རིགས་ཅན་དུ་བསྒྱུར་བཞིན་ཡོད། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་། གཞུང་གི་སྡེ་ཚན་རྣམས་ལ་གནས་ཚུལ་སྤེལ་བ་དང་འབྲེལ་མཐུད་གནང་སྐབས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རིག་གཞུང་ལ་བརྩི་བཀུར་གནང་སྟེ་བོད་ཀྱི་ས་གནས་མིང་རྣམས་ཚད་ལྡན་བེད་སྤྱོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ཉེ་ཆར་ས་ཡོམ་གོད་ཆག་གིས་རྒྱ་ནག་གིས་བོད་ནང་ཡུན་རིང་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་དེས་ཤུགས་རྐྱེན་ངན་པ་ཇི་ཡོད་རྣམས་གསལ་སྟོན་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་འཛུགས་སྐྲུན་གྱི་མིང་ཐོག་ཚད་ལས་འདས་པའི་ཆུ་མཛོད་གསར་རྒྱག་དང་། གཏེར་ཁ་སྔོག་འདོན། དེ་བཞིན་ཁོར་ཡུག་གནོད་པའི་ལས་གཞི་མང་དག་སྤེལ་བ་དེས་ས་ཁུལ་དེའི་ནང་ས་ཡོམ་གྱི་ཉེན་ཁ་ཆེ་རུ་བཏང་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་སྲིད་བྱུས་དང་། ལག་ལེན་ཁག་ལ་བསྐྱར་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ང་ཚོས་བོད་ནང་གི་སྤྲུན་ཟླ་ཡོངས་དང་། ལྷག་པར་དུ་གནོད་འཚེ་ཕོག་པའི་ནང་མི་རྣམས་ལ་སྨོན་ལམ་ཞུ་བཞིན་ཡོད། དཀའ་སྡུག་དང་གྱོང་གུན་ཆེ་བའི་དུས་སྐབས་འདིར་ང་ཚོས་ཁོང་རྣམས་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། ང་ཚོས་མུ་མཐུད་བོད་ནང་གི་བོད་མི་ཚོའི་རང་དབང་དང་། བདེ་འཇགས། ཐོབ་ཐང་བཅས་ཀྱི་ཆེད་དུ་ཕྱི་གསལ་ནང་གསལ་དང་། ཆེ་མཐོང་། འགན་འཁུར་དགོས་པའི་ཞུ་གཏུག་བྱ་རྒྱུ་ཡིན། །