༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༢༣ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་ཇེ་པི་ ཝ་སན་ཊི་ ཀོན་ཊི་ནན་ཊལ་ (Jaypee Vasant Continental) མགྲོན་ཁང་གི་མི་ལན་ (Milan) ཚོགས་ཁང་དུ་ཇར་མན་རོགས་ཚོགས་ཕེ་གྲི་རིག་ནོ་མན་ (Friedrich Naumann Foundation) ཐེབས་རྩའི་ཚོགས་འདུ་ཞིག་ཚོགས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་དང་། ཇར་མན་རོགས་ཚོགས་ལྷོ་ཤར་ཨེ་ཤི་ཡའི་བར་ལོ་མང་རིང་གི་མཉམ་འབྲེལ་ལས་འཆར་ཁག་དང་། ཕན་ཐོགས་ཇི་བྱུང་སྐོར་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཚོགས་འདུ་དངོས་སུ་འགོ་ཚུགས་ཤིང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་དོན། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཕེ་གྲི་རིག་ནོ་མན་ཐེབས་རྩའི་མཉམ་སྦྲེལ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་དངོས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་མཁས་དབང་སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་བཙུགས་ཤིང་། དེ་བཙུགས་དགོས་པའི་དམིགས་ཡུལ་ཡང་། མང་གཙོ་སྲ་བརྟན་གཏོང་རྒྱུ་དང་བོད་ཀྱི་འཐབ་རྩོད་ཀྱི་རང་བཞིན་འཚེ་བ་མེད་པའི་ལམ་དུ་འཁྲིད་རྒྱུའི་ནུས་པ་བརྟན་པོ་བཟོ་ཐབས། བོད་མིའི་སྒྲིག་འཛུགས་དང་ཁྱད་པར་བོད་ཀྱི་གྲོས་ཚོགས་ལ་བོད་མིའི་མངོན་འདོད་བསྒྲུབ་པར་རོགས་འདེགས་ཞུ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནས་བབ་དར་སྤེལ་གཏོང་སླད་སོགས་ཀྱི་ཆེད་ཡིན་འདུག་པ་དང་། དམིགས་ཡུལ་དེ་དག་བསྒྲུབ་སླད་དཔེ་དེབ་དཔར་བསྐྲུན་ཞུས་པ་དཔེར་ན། སྲིད་གཞུང་གཤིབ་བསྡུར། མང་གཙོའི་ལམ་བུ། གྲོས་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ནང་གནང་བའི་བཀའ་སློབ་གླེགས་བམ་བརྒྱད་ཙམ་སོགས་འགྲེམས་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་ཕྱོགས་སྒྲིག རང་སྐྱོང་གནས་བབ་དང་བོད་ཀྱི་ལྟ་ཚུལ། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནང་བོད་ཀྱི་གནད་དོན་ཕྱོགས་སྒྲིག་སོགས་མང་ཙམ་གནང་ཡོད་པ་ལས་བོད་མི་མང་སྤྱི་འཐུས་རྣམ་པ་དང་གཞན་ཡང་དོ་དབྱིངས་ཅན་མང་པོར་གནད་དོན་དབྱེ་ཞིབ་ཀྱི་གོ་རྟོགས་གོང་འཕེལ་བྱུང་ཐུབ་ཡོད།
དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པར་ཟབ་སྦྱོང་ལ་མཚོན་ན། སྤྱི་འཐུས་རྣམ་པའི་ཐབས་བྱུས་ཀྱི་ཚོགས་འདུ། ཐོག་མར་སྤྱི་འཐུས་གསར་པ་རྣམས་ལ་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་གི་ཟབ་སྦྱོང་ཡང་དེ་དུས་འགོ་བཙུགས་ཀྱིས་དུས་ད་ལྟ་བར་ལས་དོན་འགྲོ་བཞིན་པའི་གནས་སྟངས་དང་། གྲོས་ཚོགས་ཀྱི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་ས་གནས་འཐུས་ཚོགས་ཁག་གི་ཚོགས་མི་རྣམས་ལ་ཡང་ས་གནས་འཐུས་ཚོགས་ཀྱི་ལས་ཁུར་ཞུ་ཕྱོགས་ཀྱི་དམར་འཁྲིད་ཙམ་མ་ཟད། ཁྲིམས་སྒྲིག་ཁག་གི་ཟབ་སྦྱོང་། ན་གཞོན་འགོ་འཁྲིད་ཀྱི་ཟབ་སྦྱོང་སོགས་ལས་མང་གཙོ་དར་འཕེལ་དང་མང་གཙོའི་ལམ་ལུགས་ནང་ཁྲིམས་ཀྱི་དབང་སྒྱུར་གྱི་གནས་བབ་སྲ་བརྟན་བཟོ་ཐུབ་པ་བྱུང་ཡོད་པ། ཕྱི་ལོ་ ༢༠༡༤ ལོར་ལྡི་ལིར་ཡོད་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འཛིན་སྐྱོང་ལས་ཁུངས་དེ་བཞིན་དཔལ་འབྱོར་དཀའ་ངལ་འོག་སྒོ་བརྒྱབ་དགོས་ཐུག་ཡོད་ཀྱང་། མཉམ་ལས་ལས་དོན་ཁག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ (SARD) བརྒྱུད་ལས་འཆར་ཁག་འགྲོ་མུས་ཙམ་དུ་མ་ཟད། ད་ལྟའི་ (FNF) ལྷོ་ཨེ་ཤི་ཡའི་འགན་འཛིན་ (Dr. Carsten Klein) མཆོག་ནས་བོད་ཀྱི་གྲོས་ཚོགས་ཚུགས་བཞིན་པའི་སྐབས་ཇར་མ་ནི་གྲོས་ཚོགས་འཐུས་མི་དང་རྒྱ་གར་དུ་བཅའ་བཞུགས་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་དྷ་སར་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་ཀྱི་དཔེ་མཛོད་ཁང་། དྷ་སྟེང་བོད་ཁྱིམ་སློབ་གྲྭ བོད་ཀྱི་ཟློས་གར་ཚོགས་པ་བཅས་སུ་གདན་ཞུས་ལས་བོད་མིིའི་སྒྲིག་འཛུགས་ཀྱི་སྤྱིའི་སྒྲོམ་གཞི་ཙམ་མ་ཟད། བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་གསལ་སྟོན་ཐུབ་པ་བྱུང་ཡོད་པ། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་གྲོས་ཚོགས་འཐུས་མིའི་མཉམ་དཔལ་ལྡན་ཚོགས་གཞོན་མཆོག་མཉམ་ཞུགས་ཀྱིས་ཇར་མ་ནིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འགྲོ་སྟངས་རྟོགས་ཞིབ་ཀྱིས་སྦྱང་རྒྱུའི་གོ་སྐབས་ཐོབ་པའི་མུར་བོད་ཀྱི་གནད་དོན་སོགས་ཀྱི་ཐོག་འགྲེལ་བརྗོད་དང་།
མདོར་ན་མི་ལོ་སུམ་ཅུ་ལྷག་གི་མཉམ་ལས་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་མང་གཙོ་སྲ་བརྟན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་ (FNF) འགན་འཛིན་རིམ་པ་དང་། ཇར་མ་ནི་གཞུང་འཛིན་རིམ་པ། དེ་བཞིན་ཇར་མ་ནི་མི་མང་བཅས་ལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པ། མ་འོངས་པར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ནང་ཁོར་ཡུག་དང་། གནམ་གཤིས་དང་འབྲེལ་བའི་ཚོགས་འདུ་ནམ་ཚོགས་ལ་བོད་མཐོ་སྒང་གི་གལ་གནད་གོ་རྟོགས་སྤེལ་སླད་བོད་ཀྱི་གྲོས་ཚོགས་སམ་ཡང་ན། སྲིད་བྱུས་ཉམས་ཞིབ་ཁང་ནས་སྐུ་ཚབ་ངེས་པར་མགྲོན་འབོད་ཡོང་བའི་རེ་སྐུལ་བཅས་ཞུས་རྗེས། རྗེས་འགན་འཛིན་གསར་རྙིང་གཉིས་ལ་མཇལ་དར་དང་ཕྱག་རྟགས། དེ་བཞིན་གཞན་ཚོགས་བཅར་བ་རྣམས་ལ་མཇལ་དར་ཕུལ་བ་དང་། བོད་ཀྱི་གྲོས་ཚོགས་ཀྱི་ངོ་སྤྲོད་དེབ་ཆུང་རེ་ཕུལ། དེ་བཞིན་ཚོགས་འདུའི་ནང་མཉམ་ཞུགས་སྡེ་ཚན་རེ་རེ་ནས་སོ་སོའི་ལས་དོན་ཐོག་གཏམ་བཤད་སྐར་མ་བཅུ་དང་དེ་རྗེས་དྲི་བ་འདྲི་ལན་སོགས་གནང་སྟེ་ཚོགས་འདུ་གྲོལ་ཡོད་འདུག
ཚོགས་འདུ་དེའི་དགོས་དམིགས་གཙོ་བོ་ནི། ལྷོ་ཨེ་ཤི་ཡེའི་རྒྱ་གར་འགན་འཛིན་སྐུ་ཞབས་ཀརསི་ཀྲན་ Dr. Carsten Klein མཆོག་ཇར་མ་ནིར་འཕོས་པའི་ཚབ་ཏུ་བེང་ཀོག་ (FNF) འགན་འཛིན་སྐུ་ཞབས་ Moritz Kleine-Brockhoff མཆོག་ནས་རྒྱ་གར་སྡེ་ཚན་རྩིས་བཞེས་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཟླ་གཉིས་པའི་ནང་ཇར་མ་ནི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཁེལ་ཡོད་པ་དང་འབྲེལ་ཚོགས་པའི་མ་འོངས་གནས་བབ་སྐོར། ད་བར་ཚོགས་པ་དང་འབྲེལ་བ་ཡོད་པ་རྣམས་ཀྱི་ལས་དོན་མཉམ་ལས་ཇི་གནང་དང་གྲུབ་འབྲས་ཇི་ཐོན། དེ་བཞིན་འབྲེལ་ཡོད་ནང་ཁུལ་དབར་ལེགས་ཆ་ལེན་རེས་ཀྱི་གནས་བབ། མ་འོངས་པར་ཚོགས་པའི་ངོས་ནས་ལས་དོན་བསྒྲུབ་ཐུབ་ཚེ་མཉམ་ལས་གནད་དོན་གལ་ཆེ་ཇི་ཡིན་སོགས་ཀྱི་སྐོར་གྱི་ཆེད་དུ་ཡིན་འདུག་པ་བཅས། །