༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བོད་ནང་གི་གནས་སྟངས་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།
སྐབས་དེར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་མཐོ་སློབ་ཏུ་སློབ་ཁྲིད་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར་ལོ་རེར་ཟླ་བ་གསུམ་རེ་སློབ་ཕྲུག་རྣམས་ལ་དང་བླངས་སློབ་ཁྲིད་གནང་རྒྱུའི་ཞལ་བཞེས་ལྟར་ད་ལན་དྷ་རམ་ས་ལར་ཕེབས་ཡོད་པའི་སྐོར་དང་། ཁོང་གིས་བོད་ནང་གི་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ཉམས་ཞིབ་འབྲི་རྩོམ་གནང་བའི་ཕྱག་དེབ་སྐོར། རྒྱ་ནག་དམར་གཞུང་འོག བོད་ནང་དགོན་སྡེ་ཁག་དང་། གྲོང་གསེབ་དབར་འབྲེལ་ལམ་བརྟན་པོ་གནས་ཐུབ་ཀྱི་མེད་པའི་དཀའ་ངལ་དང་། ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ནང་གི་མ་དགོན་དང་། ཡན་ལག་དགོན་པའི་དབར་འབྲེལ་ལམ་བྱ་རྒྱུར་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད་པ། བོད་རང་སྐྱོང་ལྗོངས་དང་། བོད་ཀྱི་ས་ཁུལ་གཞན་གྱི་ནང་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་དང་། དཔལ་འབྱོར་རོགས་སྐྱོར་གང་བྱུང་བ་རྣམས་རྒྱ་མི་ཁོ་ནའི་ཁེ་ཕན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་ལས་བོད་མིའི་བདེ་དོན་ཆེད་རྩ་བ་ནས་བེད་སྤྱོད་གཏོང་གི་མེད་ལུགས། རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ཐོག་མར་གསར་འཛུགས་གནང་བའི་བརྒྱུད་རིམ་དང་། ཞི་ཅིང་ཕིང་གི་མི་རིགས་གཅིག་གི་སྲིད་བྱུས་འོག རྒྱ་ནག་དམར་གཞུང་གིས་བཙན་ཤེད་ཐོག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པའི་སྐོར། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས་པ་སོགས་ཀྱི་ཐོག་ཕན་ཚུན་དྲི་བ་དྲིས་ལན་གྱི་ལམ་ནས་གསུངས་སོང་།
དེ་བཞིན་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་བཅས། །