༄༅། །ཕྱི་ལོ ༢༠༢༥ ཟླ་བ་ ༡ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་སའི་ཉེ་འདབས་སུ་ཆགས་པའི་ཨིམ་པེ་རི་ཡལ་གསོལ་མགྲོན་ཁང་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོས་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཆེན་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་འབུམ་རམས་པ་ཇེན་རཱོ་ནི་སི་ (Dr Jann Ronis) ལགས། ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་རཱ་དྷ་རཱ་ཎི་ (Radha Rani Thakuria) ལགས་དང་བྷ་ལཱ་ཀཱ་དྷེ་ (Balaka Dey) ལགས། དགོན་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁང་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༥༨ ཕེབས་ཞུགས་གནང་ཡོད།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་ཆེད་ལས་པ་རཱ་དྷ་རཱ་ནི་ལགས་དང་བྷ་ལཱ་ཀཱ་དྷེ་ལགས་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ལས་གཞི་ངོ་སྤྲོད་དང་། དམིགས་ཡུལ་སྐོར་གསུང་བཤད་གནང་བ་དང་ཆབས་ཅིག་ལོ་དང་པོའི་སྙན་ཐོའི་བརྙན་ཐུང་གཟིགས་འབུལ་ཞུས་རྗེས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་འབུམ་རམས་པ་ཇེན་རཱོ་ནི་སི་ཡི་ལགས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དེ་བཞིན་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་རཱ་དྷ་རཱ་ཎི་ལགས་བཅས་རིམ་བཞིན་ལས་གཞི་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཨ་རིའི་གཞུང་གི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ཞེས་པའི་ལོ་གསུམ་གྱི་ལས་གཞི་ཆེན་པོ་ཞིག་གི་ཁོངས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་འདི་རྒྱ་གར་ཀྱི་འཕྲུལ་ལས་མཁས་ལས་ཚོགས་པ་ལྦཱ་དྷ་ལྦཱ་ནི་བཅོས་མའི་རིག་རྩལ་ཐེབས་རྩ་ (Wadhwani Ai Foundation) དང་མཉམ་འབྲེལ་ཐོག་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༣ ཉིན་ལས་གཞི་དངོས་སུ་འགོ་འཛུགས་གནང་ཡོད། ལས་གཞི་འདིའི་འོག་བཙན་བྱོལ་བོད་མི་ཆོས་སྡེ་ཁག་དང་། རིག་གཞུང་བསྟི་གནས་ཁང་ཁག་ཏུ་ཡོད་པའི་བཀའ་བསྟན་འགྱུར་སོགས་རྩ་ཆེའི་དཔེ་རྙིང་དང་། ཡིག་རིགས། ཐང་ག་སོགས་སྒྱུ་རྩལ་དངོས་རིགས་རྙིང་པ་ཡོད་དོ་ཅོག་དེང་དུས་བརྡ་འཕྲིན་དུས་ཚོད་དང་བསྟུན་ནས་བཤེར་འབེབས་བྱེད་རྒྱུ་དང་། ཚོགས་མི་ཁག་ལ་འཕྲུལ་ཆས་མཐུན་འགྱུར། གྲངས་འཛིན་བཟོ་རིག་སྦྱོང་བརྡར། དེ་བཞིན་བོད་པའི་གཞོན་སྐྱེས་རྣམས་ལ་རིག་གཞུང་ངོ་སྤྲོད་དང་། ཆེད་ལས་ཡར་རྒྱས་སོགས་ཀྱི་ལས་འཆར་སྣ་མང་ཡོད། ད་ལྟའི་འཆར་ལ་ལོ་གསུམ་གི་ནང་བཅོས་མའི་རིག་རྩལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲྭ་ཚིགས་དང་། མཉེན་ཆས་བཟོ་སྐྲུན་བྱ་རྒྱུ་ཡིན། དེ་དང་མཉམ་དུ་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་གསར་བཟོ་བྱས་ནས་བདེ་སྤྱོད་བྱེད་བཞིན་ཡོད། མཉེན་ཆས་འདི་གྲངས་འཛིན་དཔེ་མཛོད་ཀྱི་མ་ལག་གི་མཉེན་ཆས་ཞིག་ཡིན་པ་དང་། དེའི་བརྒྱུད་ནས་ཁྱབ་ཁོངས་དཔེ་མཛོད་ཁང་སོ་སོར་དཀར་ཆག་ཚད་ལྡན་བཟོ་རྒྱུར་བདེ་སྤྱོད་ཆེན་པོ་ཡོད། ཅེས་གསུངས།
དེ་བཞིན་ཟབ་སྦྱོང་ཕུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དང་ཐོག་ལས་གཞིའི་ངོ་སྤྲོད་དང་གལ་གནད། དཀར་ཆག་མཉེན་ཆས་བདེ་སྤྱོད་གཏོང་ཕྱོགས། ཡིག་ཆ་བཤེར་འབེབས་བྱེད་སྟངས། འཕྲུལ་ཆས་ཆ་ཚང་བདེ་སྤྱོད་གཏོང་ཕྱོགས། དཀར་ཆག་བཟོ་སྒྲིག་བྱེད་ཕྱོགས། མ་འོངས་པར་སྐུ་ཐང་སོགས་པའི་སྒྱུ་རྩལ་དངོས་རིག་བདག་གཅེས་གནང་ཕྱོགས་བཅས་ཡིན་པ་གསུངས།མཐར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེས་ལགས་ནས་ཆོས་རིག་ལས་ཁུངས་ངོས་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་འགོ་འཛུགས་བྱ་རྒྱུ་ཕྱི་མེད་ན་སྔ་དྲག་མེད་པ་དང་། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། མི་རབས་རྒན་པ་རྣམས་ཀྱིས་རང་གི་སྲོག་ལས་གཅེས་པ་འཛིན་ཏེ་འཁྱེར་ཡོང་བའི་བཀའ་བསྟན་ལ་སོགས་པའི་རྩ་ཆེ་བའི་ཡིག་ཆ་རྙིང་པ་དང་སྒྱུ་རྩལ་དངོས་རིགས་རྙིང་པ་རྣམས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཐོག་ལ་བཞག་པའི་ཕྱག་རྗེས་ཤ་རྟགས་དང་བཙན་བྱོལ་རང་དབང་ལུང་པའི་ནང་འབྱོར་བ་དེ་དག་བདག་གཉེར་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས།།