
དེ་ཡང་ས་གནས་འགོ་འཛིན་གསར་རྙིང་དབར་ཀུ་ལུ་རྫོང་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས་ས་ཁག་དྲུག་དང་འབྲེལ་བའི་ཡིག་ཆ་དང་། ཡིག་སྣོད། དེབ་རིགས་ཁག གཞན་ཡང་ལས་ཁུངས་དང་ལས་ཤག་གི་དངོས་ཟོག་འཛིན་ཆས་ཐོ་གཞུང་ཁག་རྩིས་སྤྲོད་ལེགས་གྲུབ་ཟིན་མཚམས། ས་གནས་འགོ་འཛིན་ལས་ཁུངས་སུ་ཁྱབ་ཁོངས་དགོན་སྡེ་ཁག་སྟེ། དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དང་། ས་སྐྱ་ཨེ་བཾ་བཤད་སྒྲུབ་ཆོས་འཁོར་གླིང་དགོན། དཔལ་འོན་མངའ་རི་གྲྭ་ཚང་བཅས་ཀྱི་ཕྱག་མཛོད་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། པ་ཀུལ་སློབ་གྲྭའི་འགན་འཛིན། ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། བུན་ཏར། མ་ནཱ་ལི། མེ་ལི་ ༡༥ ཀུ་ལུ་གཡུ་ལོ་བཀོད། ཌོ་སྦི་བཅས་ཀྱི་བརྒྱ་དཔོན་རྣམ་པ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་བཅས་ལྷན་འཛོམས་ཐོག་ཞབས་སྟེགས་བརྗེ་ལེན་གནང་ཡོད།
དེ་རྗེས་ཌོ་སྦི་མི་མང་ཚོགས་ཁང་དུ་ལས་ཀྱི་སྣེ་མོ་བ་གཙོས་པའི་ཌོ་སྦི་མི་མང་འདུ་འཛོམས་ཐོག་མང་ཚོགས་ལ་ས་གནས་འགོ་འཛིན་ཚབ་གསར་བསྟན་འཛིན་ཚུལ་ཁྲིམས་ལགས་ནས་ངོ་སྤྲོད་དང་། མ་འོངས་ལས་དོན་ཁག་ཚགས་ཆུད་ཡོང་སླད་ད་བར་ས་གནས་འགོ་འཛིན་རིམ་བྱོན་རྣམས་ལ་ཇི་བཞིན་ཕྱར་གྲུ་མཉམ་འདེགས་ཀྱི་ཕྱག་རོགས་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་ཉིད་ལ་ཡང་གཞུང་འབྲེལ་ལས་དོན་ཁག་དང་མི་མང་དཀའ་སེལ་གྱི་ཞབས་འདེགས་གང་འོས་གྲུབ་སླད་ཕྱག་རོགས་དང་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་འབོད་གནང་ཡོད། ཕྱོགས་མཚུངས་ས་གནས་འགོ་འཛིན་ཟུར་པ་གློ་བུར་དུ་ནད་མནར་རྐྱེན་པས་འདས་གྲོངས་སུ་ཕྱིན་པར་བརྟེན་ལས་དོན་མཇུག་སྐྱོང་དམིགས་བསལ་འགྲེལ་བརྗོད་བྱུང་མེད་ནའང་ས་གནས་སུ་ལས་འཆར་རིགས་གང་ཡོད་ལེགས་གྲུབ་ཟིན་ཡོད་པས། གཞན་ཡང་ལས་དོན་མཇུག་སྐྱོང་ཁག་སྟེ་གཙོ་བོ་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་ནས་ལོ་འཁོར་མོརབྱམས་བརྩེའི་ལོ་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་གཏན་ཁེལ་ཟིན་པ་དང་། རིམ་བཞིན་དབུས་དང་ས་གནས་གོ་སྒྲིག་ཚོགས་ཆུང་ནས་ལས་འཆར་བང་སྒྲིག་གནང་བ་བཞིན་ལས་གཞི་ལག་བསྟར་བྱ་རྒྱུའི་གསལ་བཤད་གནང་།
