༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༩ ཉིན་ཨ་རིའི་ཝ་ཤིང་ཀྲོན་གྲོང་ཁྱེར་གྱི་རྒྱལ་ཡོངས་ལྷ་ཁང་ (National Cathedral) ནང་ཨ་རིའི་སྲིད་འཛིན་ཟུར་པ་ཇིམྨི་ཀ་ཊར་མཆོག་གི་ཕུང་འདོན་མཛད་སྒོ་ཚོགས་ཡོད། མཛད་སྒོ་དེས་ཁོང་གི་མཛད་རྗེས་དང་། ལྷག་པར་དུ་ཕྱི་ལོ་ ༡༩༩༧ ནས་ ༡༩༨༡ བར་སྲིད་འཛིན་གྱི་ལས་ཡུན་བཞེས་པའི་རིང་དང་། སྲིད་འཛིན་གྱི་ལས་གནས་ནས་འཕོས་རྗེས་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བ་སོགས་ལ་ཆེ་བསྟོད་ཞུས་ཡོད།
སྲིད་འཛིན་ཀར་ཊར་མཆོག་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་མང་ཚོགས་སུ་ངོས་འཛིན་གནང་མཁན་ཨ་རིའི་སྲིད་འཛིན་ཐོག་མ་གྲས་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཛའ་རྩེའི་འབྲེལ་ལམ་བཟང་པོ་ཡོད་པར་བརྟེན་བོད་མིའི་དབུ་ཁྲིད་རྣམ་པ་དང་། བོད་མི་ཡོངས་ནས་ཁོང་གི་ནང་མིར་ཐུགས་གསོ་ཞུས་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། སྲིད་འཛིན་ཇིམྨི་ཀ་ཊར་མཆོག་གིས་བོད་ནང་གི་གནས་སྟངས་ཐོག་ཐུགས་འཚབ་གནང་བར་བོད་མི་མང་དང་ངོས་ནས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཅེས་འཁོད་ཡོད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཀྱང་ཐུགས་གསོ་ཞུས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་གསོ་དང་སྦྲགས་སྲིད་འཛིན་ཇིམྨི་ཀ་ཊར་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛའ་གྲོགས་ཉེ་པོ་དང་། འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་མི་སྣ་གལ་ཆེན་ཞིག་ཡིན། ཞེས་དང་།
དེ་བཞིན་སྲིད་འཛིན་ཀར་ཊར་མཆོག་གིས་ཆབ་སྲིད་ཀྱི་དཀའ་ངལ་ཆེ་བའི་དུས་སུའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་བར་རྒྱབ་སྐྱོར་གནང་བ་མ་ཟད། བོད་མི་ཚོས་མྱངས་དང་མྱོང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཐུགས་ཁུར་ཆེན་པོའི་སྒོ་ནས་གསལ་སྟོན་གནང་ཡོད། ཁོང་ནི་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་དང་ལྷག་བསམ་ལྡན་པ་དང་། ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་ཞི་བདེ་དང་དྲང་བདེན་གྱི་རིན་ཐང་མིག་དཔེ་འོས་པ་ཞིག་ཡིན། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་འཛིན་ཇིམྨི་ཀ་ཊར་མཆོག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་ཐོག་ཐུག་འཁུར་གནང་མཁན་གཅིག་མཚུངས་ཡིན་པ་ནན་བརྗོད་གནང་ཡོད། མགོན་པོ་མཆོག་གིས་དུས་རྟག་ཏུ་སྲིད་འཛིན་ཇིམྨི་ཀ་ཊར་མཆོག་གིས་ཉམ་ཐག་དང་། མཉའ་གནོན་འོག་གནས་པ་རྣམས་ཀྱི་ཆེད་དུ་ཀར་ཊར་བསྟི་གནས་ཁང་བརྒྱུད་རོགས་སྐྱོར་གནང་བར་བསྔགས་བརྗོད་གནང་བཞིན་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྲིད་འཛིན་ཀར་ཊར་མཆོག་གིས་སྐུ་ཚེ་ཧྲིལ་པོར་གཞན་གྱི་བདེ་དོན་ཆེད་དུ་སྐུ་ལས་བསྐྱོན་པས་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་ང་ཚོས་མྱ་ངན་ཞུ་བཞིན་ཡོད། ཁོང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་གཡོ་མེད་གནང་བར་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་ལ། ཁོང་གི་མཛད་རྗེས་ལ་གུས་བརྩི་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་ལས་བྱེད་ཡོངས་ནས་སྲིད་འཛིན་ཇིམྨི་ཀ་ཊར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ་དང་། མྱ་ངན་མཚོན་ཆེད་ལས་མཚམས་འཇོག་ཡོད་པ་བཅས།།