༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་ཨོ་སྟྲི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Save Tibet) གྱི་ལྕམ་ཨེ་ལི་ས་བེཊ་ཛི་མར་མེན་ (Ms. Elisabeth Zimmerman) ལགས་དང་། བོད་ཀྱི་གྲོགས་པོ་ (Friends of Tibet) ཚོགས་པའི་སྐུ་ཞབས་ཀཱལ་ (Mr.Karl) ལགས་གཉིས་དང་ལྷན་མཇལ་མོལ་གནང་ཡོད།སྐབས་དེར་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཁོང་རྣམ་པ་གཉིས་ནས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་ཞུ་གཏུག་དང་། ཨོ་སྟྲི་ཡར་གནས་སྡོད་བོད་པའི་གཞོན་སྐྱེས་རྣམས་ལ་སློབ་སྟོན་གནང་རྒྱུའི་འབོད་སྐུལ་ཞུས་ཡོད། གཞན་ཡང་ལོ་རྗེས་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་མཛད་སྒོར་ཁོང་རྣམ་པ་བཞུགས་སྒར་དུ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད།
དེ་རྗེས་ཨོ་སྟྲི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་སླད་སྐད་འབོད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པ་དེར་བསྟན་འཛིན་ལེགས་བཤད་ལགས་ཆེད་ཕེབས་ཀྱི་གསུང་བཤད་གནང་ཡོད། སྐབས་དེར་མི་གྲངས་ ༤༠ ཙམ་མཉམ་ཞུགས་གནང་ཡོད་ཅིང་། དེའི་ཁྲོད་དུ་གཞོན་སྐྱེས་གྲངས་ ༢༧ ལྷག་མཉམ་ཞུགས་གནང་ཡོད།དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་ནག་གི་སྲིད་གཞུང་འོག་བོད་མི་རྣམས་ཀྱི་སྡུག་སྦྱོང་མྱོང་བཞིན་པའི་སྐོར་གསལ་སྟོན་གྱིས་གསུང་བཤད་གནང་དོན། ད་ལྟའི་བོད་ནང་གི་གནས་སྟངས་དེ་སྔ་ལས་ཛ་དྲག་པ་ཆགས་ཡོད། རྒྱ་ནག་དམར་གཞུང་ཐོག་མར་འགོ་ཚུགས་པ་ནས་བཟུང་བོད་མི་དང་། ཡུ་གུར། ཧོང་ཀོང་། རྒྱ་ནག་གི་ཡུལ་མི་བཅས་ཀྱི་མངོན་འདོད་རྣམས་བརྩི་མེད་བཏང་ཡོད། རྒྱ་གཞུང་གི་བདེ་འཇགས་དེ་སྤྱི་ཚོགས་ཀྱི་མཉའ་གནོན་ཐོག་གནས་ཀྱི་ཡོད་སྟབས་ང་ཚོས་མཉམ་རུབ་ཐོག་ཞི་བའི་ངང་ངོ་རྒོལ་དང་། གྲོས་མོལ་ཡོང་ཐབས་ཞུ་གཏུག་གནང་དགོས་གལ་ཡིན་ཞེས་གསུངས།
སྐབས་དེར་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། བོད་དོན་ཞུ་གཏུག་འབྲེལ་མཐུད་པ་འཛོམས་སྐྱིད་ལགས། ཨོ་སྟྲི་ཡ་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་མི་དང་། རྒྱ་མི་རྒྱབ་སྐྱོར་བ་བཅས་ཚང་འཛོམས་གནང་ཡོད་པ་བཅས།།