༄༅། །ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མྨི་ཀ་ཊར་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ཚེས་ ༢༩ ཉིན་སྐུ་ཚེའི་འཕེན་པ་རྫོགས་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོ་ཞུས་གནང་འདུག
དེ་ཡང་ཁོང་གི་སྲས་སྐུ་ཞབས་ཅིབ་ ཀ་ཊར་ (Chip Carter) མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་ཡབ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མྨི་ཀ་ཊར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛའ་གྲོགས་དང་། བོད་མིའི་གནད་དོན་ཐོག་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན།
དམ་པ་ཁོང་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཆེད་ཞབས་འདེགས་ཧུར་ཐག་ཞུས་འབྲས་སུ། ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་ཡོད། དམ་པ་ཁོང་སྐུ་གཤེགས་པ་དེས་ཨ་རི་དང་། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཆེད་སྐུ་ངལ་བསྐྱོན་མཁན་གྱི་དབུ་ཁྲིད་ཅིག་མེད་པར་ཆགས་ཡོད།
དམ་པ་ཁོང་གི་བྱམས་བརྩེའི་བསམ་པ་དང་། མི་མང་ཞབས་ཞུ་བསྒྲུབ་རྒྱུའི་ལྷག་བསམ་བཅས་ལ་ཚང་མས་གུས་བརྩི་དང་། ཡི་རངས་ཞུ་བའི་ཐོག་ནས་རྟག་ཏུ་དྲན་ངེས་དང་། འཛམ་གླིང་ཞི་བདེ་དང་། མང་གཙོ། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་ཐོག་བཞག་པའི་མཛད་རྗེས་རྣམས་ཀྱིས་མི་རབས་རྗེས་མ་རྣམས་སེམས་ཤུགས་འཕར་ངེས་ཡིན།
ངས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ལྷན་རྒྱས་དང་། ཁོང་གི་རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་། ཁོང་གི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ཡིན། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་བོད་མི་ཚང་མས་སྐུ་ཉིད་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །