
ཚོགས་ཆུང་དེའི་ནང་ལྷོ་ཨེ་ཤི་ཡ་ས་གནས་སྐྱབས་བཅོལ་འབྲེལ་མཐུད་པ་སིཌ་ནི་ཨེ་སི་ཀོཕ་ལགས་དང་། ལྡི་ལིའི་ཨ་རི་གཞུང་ཚབ་ཁང་གི་ཆབ་སྲིད་འགན་འཛིན་ཨེན་ཀྲིས་ཊིན་ཐི་རིཊ་ལགས། བལ་ཡུལ་གྱི་ཨ་རི་གཞུང་ཚབ་ཁང་གི་ས་གནས་སྐྱབས་བཅོལ་ལས་དོན་ཆེད་ལས་པ་པདྨ་བསྟན་འཛིན་ལགས་བཅས་ཕེབས་ཡོད་པ་དང་། སྐབས་དེར་འཕྲོད་བསྟེན་ལས་འཆར་འགན་འཛིན་ཚེ་རིང་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ནས་ཨ་རི་གཞུང་གི་གྲངས་འབོར་དང་། སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ཀྱིས་རོགས་སྐྱོར་འོག་འཕྲོད་བསྟེན་དང་འབྲེལ་བའི་ལས་འགུལ་སྤེལ་བ་ཁག་ངོ་སྤྲོད་གནང་ཡོད།
ཚོགས་འདུའི་རིང་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཉམ་ཐག་རྣམས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་གླེང་སྐབས་དེ་དག་ལ་རོགས་རམ་གནང་རྒྱུ་དང་། ལྷག་པར་དུ་འཕྲོད་བསྟེན་གྱི་མཐུན་རྐྱེན་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་མོལ་གནང་གྲུབ་མཚམས་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ནས་ཨ་རི་གཞུང་གི་གྲངས་འབོར་དང་། སྐྱབས་བཅོལ། གནས་སྤོའི་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བདེ་དོན་ཆེད་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ལེགས་འབུལ་དང་སྦྲགས་ཕྱག་རྟགས་ཕུལ་ཡོད་པ་བཅས།། 






