༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ ཉིན་སྭི་ཌན་གྱི་གྲོང་ཁྱེར་སི་ཊོག་ཧོམ་ (Stockholm) དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉིན་གྲངས་གསུམ་རིང་གི་ཡུ་རོབ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་འདིའི་ཐོག་ཨིན་ཡུལ་སྐུ་ཚབ་དོན་གཅོད་དང་སྦར་སིལ་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་སྭི་ཌན་དང་། ཨིན་ཡུལ། ནོར་ཝེ། ཧྥ་རན་སི། སྦེལ་ཇམ། ནི་དར་ལེནྜ་བཅས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ཚོགས་མི་རྣམ་ལྷན་འཛོམས་གནང་ཡོད།
སྭི་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དབུ་འབྱེད་ཀྱི་གསུང་བཤད་ཡོད། སྐབས་དེར་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་དོན་འཐབ་རྩོད་ཐོག་རང་རེའི་གཞོན་སྐྱེས་ཚོའི་ཞུ་གཏུག་གི་ནུས་པ་སྐྱེད་སྲིང་གི་གལ་གནད་སྐོར་གསུང་བཤད་གནང་ཡོད།
ཡུ་རོབ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་འདིའི་ཐོག་སྭི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཊི་སི་ (Mattias Bjornerstedt) ལགས་ཀྱིས་ཡུ་རོབ་ནང་དུ་བོད་དོན་ཞུ་གཏུག་གི་གོ་སྐབས་དང་གདོང་ལེན་དགོས་པའི་གནད་དོན་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ནུས་པ་ལྡན་པའི་ཐོག་ནས་ཞུ་གཏུག་གནང་ཕྱོགས་ཐད་ཟབ་ཁྲིད་གནང་ཡོད།
ཉིན་གྲངས་གསུམ་གྱི་ཚོགས་འདུ་འདིའི་ཐོག་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ཨིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས། སྦར་སིལ་སྐུ་ཚབ་དོན་ཁང་གི་ཡོ་རོབ་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ལས་འཆར་ཚན་པའི་ངག་དབང་ཆོས་དར་ལགས་ལྷན་ཞུགས་གནང་ཡོད་པ་བཅས།།