༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་བེལ་ཇི་ཡམ་བོད་རིགས་ཚོགས་པའི་སློབ་གྲྭ་ཤེས་རབ་སྣང་བྱེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཟའ་མཇུག་སློབ་གྲྭས་འགན་གཙོ་བཞེས་ཀྱིས་སྦེལ་ཇམ་གྱི་ཚོགས་པ་ཁག་བརྒྱད་མཉམ་འདུས་བྱས་ཏེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་དྲན་ཐེངས་ ༣༥ པའི་མཛད་སྒོ་སྔ་སྣུར་གྱིས་སྦེལ་ཇམ་གྱི་གྲོང་ཁྱེར་ཨན་ཊབ་ཏུ་སྲུང་བརྩི་ཞུས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ངོ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་། དམིགས་བསལ་སྐུ་མགྲོན་རྫོགས་ཆེན་དགེ་ལེགས་དཔལ་འབར་གླིང་ཆོས་ཚོགས་ཀྱི་འགན་འཛིན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཚེ་བརྟན་ཕུན་ཚོགས་ལགས། རླུང་རྟ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ (Han) ལགས། ཀརྨ་བསོད་ནམས་རྒྱ་མཚོ་གླིང་ཆོས་ཚོགས་ཀྱི་འགན་འཛིན། ཆོས་རིག་འཛིན་སྐྱོང་ཁང་གི་གཟའ་མཇུག་སློབ་གྲྭའི་འགན་འཛིན་འཇིགས་མེད་ལགས། གཞན་ཡང་ཚོགས་པ་ཁག་བརྒྱད་ཀྱི་ཚོགས་གཙོ་དང་འཐུས་ཚབ་རྣམ་པ། ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་ལས་ཕ་མ་དང་སློབ་ཕྲུག་རྣམ་པས་གཙོས་རྒྱ་ཆེའི་མང་ཚོགས་གང་མང་མཉམ་ཞུགས་གནང་འདུགམཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་གྲུབ་བསྟུན། སྐུ་མགྲོན་རྣམ་པས་བཞུགས་ཁྲིར་མཇལ་དར་སྒྲོན་འབུལ་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་རྗེས། རྒྱལ་གཅེས་པ་རྣམས་ལ་གུས་འདུད་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་གི་རིང་ཞུས། དེ་ནས་བོུ་གཉན་ཤར་བསྟན་འཛིན་མེ་ཏོག་ལགས་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་གྲུབ་པའི་རྗེས་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་སྟོད་གླུ་གཟིགས་འབུལ་ཞུས་གནང་སོང་།
དེ་ནས་བེལ་ཇི་ཡམ་བོད་རིགས་ཚོགས་པའི་སློབ་གྲྭ་ཤེས་རབ་སྣང་བྱེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཟའ་མཇུག་སློབ་གྲྭའི་འགན་འཛིན་བསོད་ནམས་ཚེ་རིང་ལགས་ནས་སྐུ་མགྲོན་དང་མི་མང་ཡོངས་ལ་འཚམས་འདྲི་དང་སྦྲགས། ཤེས་རབ་སྣང་བྱེད་སློབ་གྲྭ་དང་བེལ་ཇི་ཡམ་གྱི་ཚོགས་པ་ཆེ་ཁག་བརྒྱད་མཉམ་འདུས་ཀྱིས་ཐེངས་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩིའི་མཛད་སྒོ་གོ་སྒྲིག་ཞུས་པའི་སྐོར་འགྲེལ་བརྗོད་གནང་སོང་བ་དང་། མཛད་སྒོའི་ཡོང་འབབ་ཁོངས་ནས་བརྒྱ་ཆ་ ༥༠ ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་མ་དངུལ་ཁོངས་ཞལ་འདེབས་འབུལ་རྒྱུའི་སྐོར་སློབ་གྲྭའི་ལས་སྣེ་ཡོངས་ནས་ཐུགས་ཐག་བཅད་ཡོད་ཅེས་གསུང་གནང་སོང་།དེ་རྗེས་སྐུ་མགྲོན་གཙོ་བོ་སྦར་སིལ་དོན་གཅོད་ཀྱི་ངོ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་འཚམས་འདྲི་དང་སྦྲགས་གསུང་དོན། འཛམ་གླིང་སྟེང་ཆེས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་པའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་འདི་ཕྱི་ལོ་ ༡༩༨༩ ཟླ་བ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་བསྐྱངས་དོན་གཙོ་བོ་ནི། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་༸ཞབས་ཀྱིས་བཅགས་ཏེ་མཛད་འཕྲིན་བླ་ན་མེད་པ་བསྐྱངས་གནང་མཛད་པ་དང་། ཉེ་རིང་མེད་པའི་བྱམས་བརྩེའི་གཟིགས་སྐྱོང་། སེམས་ཅན་ཀུན་ལ་ཕན་པ་འདོགས་པའི་བྱ་བར་ཆེ་མཐོང་དང་གུས་བརྩི་མཚོན་ཕྱིར་ཕུལ་བ་ཞིག་ཡིན་པ་དང་། རང་རེ་བོད་མི་རྣམས་ནས་མགོན་པོ་མཆོག་གི་བཀའ་སློབ་རྣམས་སྙིང་བཅང་གིས་ཆོལ་ཁ་དང་ལུང་ཚན་ག་གེ་མོའི་འཐེན་འཁྱེར་གྱི་དབང་དུ་མ་སོང་བར་ཞལ་ཞེ་གཉིས་མེད་ཀྱིས་བོད་མིའི་སྤྱི་དོན་ཐོག་ལ་ནུས་པ་མཉམ་སྤུངས་དགོས་པའི་འབོད་སྐུལ་ཞུས་གནང་སོང་།
གཞན་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་བྱས་ཏེ་༸གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུས་མཚོན། ལོ་འཁོར་མོ་གཅིག་གི་རིང་འཛམ་གླིང་ཁྱོན་ཡོངས་ལ་གོ་སྟོན་སྲུང་བརྩི་ཞུ་རྒྱུ་ལྟར། བེལ་ཇི་ཡམ་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་བརྟན་བཞུགས་དང་གོ་སྟོན་གྱི་ཆེད་བློས་བཅད་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་དང་། དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་མཉམ་འདུས་ཀྱིས་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་དེ་བཞིན་ནེ་རྡར་ལན་ཌི་རྒྱལ་ས་ཧེག (Hague) ནང་བསྐོང་ཚོགས་ཞུ་རྒྱུ་དང་འབྲེལ་བེལ་ཇི་ཡམ་ནས་གསུམ་དུས་ཀྱི་ཞལ་འདེབས་བསྡུ་རུབ་ཞུ་དགོས་ལྟར་བོད་མི་ཚང་མས་བློས་བཅད་ཡུ་སྒོར་ ༢ རེ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་རྫོགས་ཆེན་དགེ་ལེགས་དཔལ་འབར་གླིང་ཆོས་ཚོགས་འགན་འཛིན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་མི་ནང་ཁུལ་མཐུན་བསྒྲིལ་རྡོ་རྩ་གཅིག་བསྒྲིལ་གནང་གལ་དང་། དུས་ཀུན་༸གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་དགོས་པའི་རེ་སྐུལ་ཞུས་པ་དང་སྦྲགས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཟའ་མཇུག་སློབ་གྲྭའི་ཆེད་ཡུ་སྒོར་ ༥༠༠༠།༠༠ ཞིག་ཞལ་འདེབས་ཕུལ་གནང་སོང་། དེ་བཞིན་བེལ་ཇི་ཡམ་ས་གནས་གཞོན་ནུའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་ཀྱང་གཟའ་མཇུག་སློབ་གྲྭའི་ཆེད་ཡུ་སྒོར་ ༡༠༠༠།༠༠ ཞིག་ཞལ་འདེབས་ཕུལ་གནང་སོང་།
གསུང་བཤད་ཀྱི་མཛད་རིམ་རྣམས་གྲུབ་པའི་རྗེས་བེལ་ཇི་ཡམ་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་མ་རྣམས་དང་མདོ་སྨད་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག དབུས་གཙང་ཆོལ་ཁ། གཞན་ཡང་ལྷག་དཀར་ཚོགས་པ། རྒན་ནོར་བུ་ཚེ་རིང་བཅས་ནས་བོད་ཀྱི་རྐང་བྲོ་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་གནང་སོང་།
མཐར་ཤེས་རབ་སྣང་བྱེད་སློབ་གྲྭའི་འགན་འཛིན་གཞོན་པ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་མཇུག་ཏུ་མང་ཚོགས་ཡོངས་ནས་སྒོར་གཞས་ལ་རོལ་ཏེ་མཛད་སྒོ་དངོས་གཞི་གྲོལ་ཡོད། །