༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ (Dr. Manmohan Singh) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཁོང་གི་བཟའ་ཟླ་ལྕམ་སྐུ་གུར་ཤ་རན་ཀཽར་མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད།
དེ་ཡང་མགོན་པོ་མཆོག་གིས་གསུང་འཕྲིན་ནང་། ངོས་ཀྱིས་ཁྱེད་ཀྱི་བཟའ་ཟླར་སྨོན་ལམ་རྒྱག་རྒྱུ་ཡིན། ཡིད་སྐྱོའི་དུས་ཚོད་འདིར་ཁྱེད་རང་གི་ནང་མི་ཡོངས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཞེས་དང་།
ངོས་གཉིས་ཐུག་འཕྲད་བྱུང་སྐབས་ཁོང་གི་ཐུགས་འཁུར་དང་། སློབ་སྟོན་རྣམས་བཀའ་དྲིན་ཆེན་པོ་འཛིན་གྱི་ཡོད། ཁོང་ནི་ངོས་ཀྱི་གཅེན་པོ་ལྟ་བུ་ཡིན་པའི་ཚོར་སྣང་བྱུང་། ཁྱེད་ཀྱི་བཟའ་ཟླ་ནི་གཞན་ཕན་གྱི་བསམ་པས་ཀུན་ནས་བླངས་པ་ཞིག་དང་། རྒྱ་གར་གྱི་ཡར་རྒྱས་དང་། ལྷག་པར་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བར་མཛད་རྗེས་གལ་ཆེན་བཞག་གནང་ཡོད། ཁོང་ནི་བོད་མིའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན།
མཐར་མགོན་པོ་མཆོག་གིས། ཁོང་ནི་དགུང་ལོ་ ༩༢ རིང་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་གནང་བ་དེས་ང་ཚོ་ཚང་མར་སེམས་འགུལ་ཐེབས་པ་ཞིག་བྱུང་བས་དེར་དགའ་སྤོབས་བྱེད་འོས་པ་ཡིན། ཞེས་གསུངས། །