༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་དང་པོ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། གཙུག་ལག་ཁང་གི་གསུང་ཆོས་ར་བ་དང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་སོགས་སུ་དད་ལྡན་སེར་སྐྱ་མི་མང་ ༣༥༠༠ བརྒལ་བས་ཕེབས་བསུའི་བསྟར་ཕྲེང་བསྒྲིགས་ཡོད་ཅིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་མི་མང་ལ་འཚམས་འདྲིའི་ཕྱག་གཡུག་གནང་ཞོར་གསུང་ཆོས་ར་བ་ནས་གཙུག་ལག་ཁང་གི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་༸ཞབས་སོར་འཁོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲིའི་གཡས་གཡོན་དུ་གླིང་རིན་པོ་ཆེ་མཆོག་དང་། རྣམ་གྲྭའི་མཁན་རིན་པོ་ཆེ་སོགས་རྣམ་གྲྭའི་མཁན་བླ་འདུས་མང་གིས་གཙོས་དད་ལྡན་ཡོངས་ཀྱིས་ལྔ་མཆོད་ཆེན་མོའི་མཆོད་འབུལ་སྨོན་ལམ་དབུ་འཛུགས་མཛད།ཞིང་འདྲེན་ཆེན་མོས་རྔམ་བརྗིད་ལྡན་པའི་གསུང་གདངས་ག་ལེར་བཏང་ཞིང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་རྒྱུན་ཆགས་གསུམ་པ་ནས་དབུ་འཛུགས་ཀྱིས་བླ་མ་མཆོད་པའི་ཚོགས་འབུལ་དང་། རྗེའི་གསང་བའི་རྣམ་ཐར། ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་གྲུབ་པ་དཔལ་བཟང་པོས་རང་གི་བླ་མ་དྲན་པར་གདུངས་དབྱངས་སུ་མཛད་པའི་ཤར་གངས་རི་མ། དེ་བཞིན་བདེ་གསང་འཇིགས་གསུམ་གྱི་བསྟོད་པ་དང་སྨོན་ལམ། དུས་འཁོར་སྨོན་ལམ། སྤྱི་གཤགས། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས། ཚད་མེད་ཡོན་ཏན་མ་སོགས་ཞལ་འདོན་རིམ་པར་གནང་བ་དང་། མཐར་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་སྨོན་ལམ་སྐྱོན་རྗེས་ལྔ་མཆོད་ཆེན་མོའི་མཆོད་འབུལ་གནང་སྒོ་ལེགས་པར་གྲུབ་སྟེ་མགོན་པོ་གང་ཉིད་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་དུ་དད་ལྡན་མི་མང་ལ་བྱམས་བརྩེའི་གསེར་ཞལ་མཇལ་བའི་སྐལ་བཟང་མངོན་དུ་མཛད་པར་མི་མང་གི་སེམས་ཀྱི་གདུང་བ་མ་ལུས་སྐད་ཅིག་ལ་གཞོམ་ཞིང་། དགེ་སེམས་གོང་ནས་གོང་དུ་འཕེལ་བའི་བྱིན་རླབས་བཀའ་དྲིན་སྩལ་ཡོད།དགའ་ལྡན་ལྔ་མཆོད་ཆེན་མོ་ནི། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་ ༡༤༡༩ ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོ་མཆོག་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས་ཤིང་། སླར་དགའ་ལྡན་དུ་ཆིབས་བསྒྱུར་གྱིས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པ་དང་། བོད་ཟླ་ ༡༠ ཚེས་ ༢༥ ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།
དེའི་ཕྱི་ལོ་ལྕགས་བྱི་སྟེ་ ༡༤༢༠ ཟླ་ ༡༠ ཚེས་ ༢༥ ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱཻ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྣམ་དཀར་ལ་བརྩོན་ཞིང་། གླིང་མེ་འབུལ་བའི་སྲོལ་བྱུང་། སྲོལ་འདི་རིམ་བཞིན་བོད་ཆོལ་ཁ་གསུམ་དང་། རྒྱ་ཧོར་སོགས་རྗེའི་རྗེས་འཇུག་པའི་ཡུལ་དུ་དར་བ་དང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཡུལ་ཕྱོགས་མང་པོའི་རྗེའི་རྗེས་འཇུག་པ་རྣམས་ཀྱིས་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་། མཚན་བསྐོར་སོགས་བྱེད་པ་ལ་དགེ་བ་ལྡབ་འགྱུར་གྱིས་འཕེལ་བའི་དུས་ཆེན་ཞིག་ལ་བརྩིས་ཏེ་ཉིན་འདིར་དགེ་བར་འབད་ཅིང་། སྡིག་པར་འཛེམ། གླིང་མེ་འབུལ་བ་དང་། ལག་ཏུ་བདུག་སྤོས་ཐོགས་ནས་དམིགས་བརྩེ་མ་གདངས་དབྱངས་སུ་ལྷོད་འགུགས་ཀྱིས་གླིང་སྐོར་དུ་འགྲོ་བའི་སྲོལ་བཟང་པོ་ལོ་ངོ་དྲུག་བརྒྱ་ལྷག་ (༦༠༤ ) རིང་རྒྱུན་གནས་སུ་ཡོད། །