༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་རྗེས་དྲན་དགའ་སྟོན་ཐེངས་ ༣༥ དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་ ༧༦ བཅས་སྲུང་བརྩིའི་མཛད་སྒོ་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་གྲུབ་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་ཕུལ་ཞུས་རྗེས་ཕི་ཇཱིའི་གྲོས་ཚོགས་འཐུས་མི་རི་ནེཤ་ཤར་མ་ (Rinesh Sharma) མཆོག་དང་། ནིའུ་ཛི་ལེཎྜ་གྲོས་ཚོགས་འཐུས་མི་ཧེ་ལེན་ཝ་ཧའི་ཊི་ (Helen White) མཆོག ནིའུ་ཛི་ལེཎྜ་གྲོས་ཚོགས་འཐུས་མི་ཨིང་གྷི་རི་ཊི་ལེ་རི་ (Ingrid Leary) མཆོག ལྡི་ལི་ (India Foundation) བློ་འདོན་ལྟེ་གནས་ཁང་གི་ཁྱད་མཁས་སྐུ་ཞབས་ཨ་རུན་ཀུ་མཱར་ས་ནི་ (Lt. Gen. Arun Kumar Sahni) མཆོག དམིགས་བསལ་སྐུ་མགྲོན་ལྡི་ལི་ (India Foundation) བློ་འདོན་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་སུ་རེཤ་བྷ་བུ་ (Shri Suresh Prabhu) མཆོག སྐུ་མགྲོན་གཙོ་བོ་ནིའུ་ཛི་ལེཎྜ་གྲོས་ཚོགས་འཐུས་མི་ཇོ་སབ་མུ་ནི་ (Joseph Mooney) མཆོག་ནས་གསུང་བཤད་གནང་།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་། དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་སྒྲུབ་མཁན་ལས་བྱེད་གྲངས་ ༢ ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་གསོལ་རས་དང་། དེ་ནས་དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ནང་སྲིད་ལས་ཁུངས་ཀྱི་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྲི་ཞུ་སྒྲུབ་མཁན་ལས་བྱེད་གྲངས་ ༡ ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་གསོལ་རས་གནང་རྗེས་དཔལ་ལྡན་སྲིད་ཚབ་བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པའི་འདི་ལོའི་དབྱར་སྐྱིད་ཀྱི་འོད་སྡེར་དབུ་འབྱེད་གནང་ཡོད།དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་མདོ་སྨད་ཀྱི་མཉམ་གཞས་བོད་ཁ་བ་ཅན་གྱི་ཁྱད་ནོར་ཞེས་པ་དང་། ཡོངས་གླིང་སློབ་གྲྭ་ནས་པོ་ཏཱ་ལ་ཞེས་པའི་གཞས་སྣ། མེག་གྷན་ཉིན་སློབ་ནས་གསེར་གྱི་དཔལ་བེའུ་ཞེས་པའི་གཞས་སྣ། གོ་པལ་པུར་བོད་ཁྱིམ་ནས་སྟོད་དིང་རིའི་འཁྲབ་གཞས་ཕ་ཡི་གནས་ཆེན་རོང་ཕུ་ཞེས་པའི་གཞས་སྣ། དྷ་ཤོད་བོད་ཁྱིམ་ནས་རང་བཙན་གཞོན་ནུ་ཞེས་པའི་གཞས་སྣ། དྷ་སྟེང་བོད་ཁྱིམ་ནས་རྒྱལ་རོང་འཁྲབ་གཞས་སྐོར་བྲོ་རྨ་བྱ་ཆུ་འཐུང་ཞེས་པའི་གཞས་སྣ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།