༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར། གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་ཞུ་དང་། མཛད་སྒོར་ཆེད་ཕེབས་གནང་བའི་ནིའུ་ཛེ་ལནྜ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཧྥི་ཇིའི་གྲོས་ཚོགས་འཐུས་མི། རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་ཆུང་གི་ཨོ་གླིང་འབྲེལ་མཐུད་པ། རྒྱ་གར་ཐེབས་རྩ་ཁང་གི་འགན་ལྷན་ཚོགས་གཙོ་དང་ཚོགས་མི་རྣམ་པས་མཚོན་སྐུ་མགྲོན་ཡོངས་དང་། གཞིས་བྱེས་ལྷ་མི་ཡོངས་ལ་དགའ་སྤྲོ་འཁོལ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ལོ་རྗེས་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན་རྒྱལ་སྤྱིའི་ཁྱོན་དུ་བྱམས་བརྩེའི་ལོ་ཞེས་བརྩི་སྲུང་ཞུ་རྒྱུའི་སྟ་གོན་དུ། འཁྲུངས་ལྷ་དབྱར་གསོལ་དང་། མང་གཙོ་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་བཀའ་ཤག་གི་གཏམ་བཤད་སོ་སོར་༸གོང་ས་མཆོག་གི་མཛད་ཁུར་བཞི་ལས་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་འཕྲིན་སྐོར་རགས་རིམ་ཙམ་ཞུས་ཟིན་པ་ལྟར། དེ་རིང་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ་ཐད་མཛད་འཕྲིན་བསྐྱངས་རིམ་རགས་བསྡུས་ཤིག་གླེང་ཙམ་ཞུ་རྒྱུ་ཡིན།
ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་ཞི་བདེའི་གཟེངས་རྟགས་འདི་འབུལ་དགོས་དོན་ནི། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རང་དབང་རྩོད་ལེན་ཁྲོད་འཚེ་བའི་ལས་བརྩམ་རྒྱུར་དགག་ཆ་མཐའ་གཅིག་ཏུ་གནང་བ་མ་ཟད། དེ་ལས་ལྡོག་སྟེ་བཟོད་བསྲན་དང་ཕན་ཚུན་བརྩི་བཀུར་གཞི་རྩར་བཟུང་བའི་ཞི་མཐུན་འགྲིག་འཇགས་ཀྱི་ཐབས་ཚུལ་ལ་བརྟེན་ནས། བོད་མིའི་ལོ་རྒྱུས་དང་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་ཀྱི་བཞེད་དགོངས་འདོན་གནང་མཛད་ཡོད་ཅེས་ངོས་འཛིན་ཞུས་ཡོད་པ་དང་། དེ་ལ་བརྟེན་ནས། རྒྱལ་སྤྱིའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་དང་། བོད་མིའི་བདེན་དོན་འཐབ་རྩོད་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་རྒྱ་ཆེར་བྱུང་ཡོད་པ་སྨོས་མ་དགོས་ནའང་། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་གཟེངས་རྟགས་འདི་ཡང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་དང་། ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་རྩིས་ཏེ་ངོ་རྒོལ་སྐད་ངན་འདོན་གྱི་ཡོད།
འགྲོ་བ་མི་ཐུན་མོང་གི་རིན་ཐང་དང་། དུས་རབས་ཀྱི་འཕེལ་འགྲོས་ལ་རྒྱབ་ཀྱིས་ཕྱོགས་ཏེ། དྲག་པོའི་གསར་བརྗེ་དང་དྲག་པོའི་མགོ་གནོན་གྱི་རིགས་ལམ་ལ་དད་འདུན་དང་རྗེས་ཟློས་བྱེད་མཁན་རྒྱ་ནག་གུང་ཁྲན་གཞུང་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཆོས་བྱེད་ཀྱི་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་ལ་བསྡོ་བའི་ངན་གཤོམ་དམར་རྗེན་དུ་བསྟན་ཡོད་ནའང། ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་ལྗགས་རྩོམ་མཛད་པའི་བདེན་གསོལ་སྨོན་ལམ་དུ། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། །ཅེས་བྱམས་བརྩེའི་བྱིན་མཐུ་ལ་བརྟེན་ནས་རྒྱ་དཔོན་མི་བསྲུན་པ་དེ་རིགས་གྲོགས་སུ་འགུག་ཐུབ་པར་ཡིད་ཆེས་གནང་གི་ཡོད་ལ། རང་གཞན་གཉིས་ཕུང་བྱེད་མཁན་རྒྱ་གུང་ཁྲན་གྱི་དབང་འཛིན་པ་དེ་དག་ལ་ལེགས་ཉེས་འབྱེད་པའི་བླང་དོར་གྱི་མིག་དབང་ཐོབ་རེའི་སྨོན་ཚིག་འདི་བཙན་བྱོལ་བོད་མི་རྒན་བྱིས་ཀུན་གྱིས་ངག་ལ་བྱང་སྟེ་རྒྱུན་འདོན་བྱས་དང་བྱེད་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྟོབས་འདིས། ང་ཚོ་བོད་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་མིག་རྒྱང་དཀྱེལ་རྒྱ་ཡངས་པོ་ཞིག་ཕྱེས་ཤིང་། འཚེ་བ་མེད་པ་དང་། གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་། མི་ཉམས་རྒྱུན་འཛིན་ཇི་ལྟར་བྱ་རྒྱུར་ཡོ་འཁྱོག་མེད་པའི་ལམ་ཐིག་གསལ་པོ་ཞིག་བསྟན་གནང་ཡོད།
ལོ་ངོ་ ༦༥ ལྷག་གི་དུས་ཡུན་ལ་ཕྱིར་མིག་ལྟ་སྐབས། བཙན་བྱོལ་གྱི་ཁོར་ཡུག་ཏུ་འཚོ་གནས་ཀྱི་གཞི་རྐང་འཛུགས་རྒྱུ་དང་མི་རིགས་ཀྱི་ངོ་བོར་རྒྱུན་གནས་ཐུབ་པ་ལ་བཙན་བྱོལ་བོད་གཞུང་སླར་གསོ་མཛད་རྒྱུ་གལ་ཆེན་ཡིན་པ་མ་ཟད། དེའི་སྒྲིག་འཛུགས་ཚགས་ཚུད་ནུས་ལྡན་བཟོ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན་སྟབས། ཕྱི་ལོ་ ༡༩༦༠ ལོར་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ལག་བསྟར། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུ། ཕྱི་ལོོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་བཅས་གོམ་སྟབས་བཞིའི་སྒོ་ནས་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་དུ་སྣེ་ཁྲིད་སྐུལ་འདེད་མཛད་དེ། འཛམ་གླིང་འདིར་བཙན་བྱོལ་སྤྱི་ཚོགས་གཞན་ལ་མེད་པའི་སྒྲིག་འཛུགས་ཆ་ལག་ཚང་བ་འདི་བསྐྲུན་གནང་བས། བོད་དོན་བདེན་མཐའ་མ་གསལ་བར་དུ་འཐབ་རྩོད་ཡུན་གནས་དང་། བོད་མིའི་བདེ་དོན་ལྟ་སྐྱོང་གི་གཞི་མ་སྲ་བརྟན་ཞིག་ཚུགས་ཡོད།
མ་འོངས་བོད་ཀྱི་སོན་རྩ་རྣམས་དུས་རབས་ཀྱི་རྗེས་ཟིན་པ་དང་། བོད་ཀྱི་སྔར་སྲོལ་བཟང་པོའི་བསླབ་བྱ་རྒྱུན་འཛིན་ཐུབ་མཁན་གསོ་སྐྱོང་གནང་རྒྱུ་གཙིགས་ཆེར་གཟིགས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༤ ཉིན་པཎྜིཏ་ནྷེ་རུ་མ་སུ་རིར་ཆེད་ཕེབས་ཀྱིས་མཇལ་མོལ་སྐབས། བོད་ཕྲུག་ཁེ་གཙང་གི་སློབ་གྲྭ་ཟུར་འཛུགས་དགོས་གལ་བཀའ་མོལ་ལྷུག་པོར་བྱུང་བ་ལྟར། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༣ ཚེས་ ༣ ཉིན་མ་སུ་རི་གཏན་སློབ་དབུ་བརྙེས་པའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས། ཧིན་རྡི་དང་། ཨིན་ཡིག །འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ཚན་རིག་ལ་སོགས་པའི་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་དང་། བོད་ཡིག་དང་། ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་ལ་སློབ་སྦྱོང་བྱས་ཏེ། གནའ་དེང་གི་ཤེས་ཡོན་འདབ་གཤོག་ཟུང་ལྡན་སྐྱེད་སྲིང་དགོས་པའི་སྲིད་ཇུས་ལམ་སྟོན་གསལ་པོ་མཛད་པ་མ་ཟད། རིམ་བཞིན་བོད་ཕྲུག་ཁྱིམ་སྡེ་མ་ལག་དང་། མ་སུ་རི་བོད་ཁྱིམ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ། སཾ་བྷོ་ཊ་བོད་སློབ་ཚོགས་པ། སྒེར་སློབ་ཁག་བཅས་གསར་འཛུགས་དང་རིམ་པས་རྒྱ་བསྐྱེད་གནང་སྟེ། རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ལ་ལེགས་སྐྱེས་འབུལ་མཁན་དང་། བཙན་བྱོལ་བོད་མིའི་འཛིན་སྐྱོང་དང་། ཤེས་ཡོན། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་འགན་ཁུར་རྐང་ལེན་བྱེད་མཁན་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་གནང་ཐུབ་ཡོད་ལ། ད་ལྟའི་ཆར་རྒྱ་བལ་གཉིས་སུ་སྔོན་འགྲོའི་སློབ་གྲྭ་ ༤༨ ལ་སློབ་ཕྲུག་གྲངས་ ༡༧༡༡ དང་། སློབ་སྡེ་ཁག་བཞི་ལ་སློབ་གྲྭ་གྲངས་ ༦༡ དང་། སློབ་ཕྲུག་ཁྱོན་བསྡོམས་ ༡༣༥༧༥ ཡོད་ཁོངས། བོད་དང་ཆོས་རིག་འབྲེལ་ལམ་གྱི་རྒྱུན་ཐག་གཅིག་ཏུ་སྦྲེལ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གྲངས་ ༣༧༩༦ དང་། དེ་མིན་རྒྱ་གར་ཡུལ་མིའི་སློབ་ཕྲུག་གྲངས་ ༡༢༧༡ ལ་བོད་ཕྲུག་དང་སྤྱི་མཚུངས་སུ་སློབ་སྦྱོང་གི་གོ་སྐབས་སྤྲོད་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་རབས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་། ཕྱིའི་དངོས་པོའི་འཛུགས་སྐྲུན་ཁོ་ནར་གཙིགས་འཛིན་བྱེད་པའི་སྐྱོན་གནད་ལ་དམིགས་ཏེ། ཆོས་ལུགས་ལ་བརྟེན་མ་དགོས་པར་སློབ་ཕྲུག་གི་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ལ་དོ་སྣང་སྤྲོད་པ་དང། སྙིང་རྗེ་དང་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་གལ་ཆེ་བའི་བཀའ་སློབ་ལམ་སྟོན་རིམ་ཅན་དུ་བསྩལ་བ་ལ་བརྟེན་ནས། སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་སློབ་གཉེར་ (SEE-Learning) གྱི་སློབ་ཚན་ཁག་ཤར་ནུབ་རྒྱལ་ཁབ་ ༡༣༠ ལྷག་ཏུ་ལག་བསྟར་བྱེད་བཞིན་ཡོད་ལ། འགྲོ་བ་མི་ཐུན་མོང་གི་རིན་ཐང་གལ་ཆེར་འཛིན་པའི་སློབ་གསོའི་ལམ་ལུགས་འདི་རང་དབང་མང་གཙོའི་ཡུལ་ལུང་ཁག་ཏུ་ད་དུང་དར་འཕེལ་རྒྱ་ཁྱབ་འགྲོ་ངེས་ཡིན་པ་སྨོས་མ་དགོས།
ཡིན་ནའང་། རྒྱ་གཞུང་གིས་ཤེས་ཡོན་སློབ་གསོའི་དམིགས་ཡུལ་དེ་སྲིད་གཞུང་གིས་བཀོལ་སྤྱོད་བྱེད་བདེ་བའི་ལག་ཆ་གསོ་སྐྱོང་ཁོ་ནར་ལྡིར་ཏེ། བོད་ཕྲུག་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་ཐོག །བཙན་ཤེད་ཀྱིས་བོད་ཕྲུག་རྣམས་སོ་སོའི་ཕ་མ་དང་ཕ་མའི་སྐད་ཡིག་རིག་གཞུང་ལས་ཁ་བྲལ་དུ་གཏོང་བཞིན་པ་མ་ཟད། སྔོན་འགྲོའི་སློབ་གྲྭ་འབོར་ཆེན་བཙུགས་པ་དེ་དག་ཏུའང་སློབ་ཁྲིད་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་ཅིང་། བྱིས་པ་བསམ་མེད་རྣམས་ལ་དམག་འཁྲུག་དང་གོ་མཚོན་སོགས་ཀྱི་དམར་པོའི་ལྟ་སྤྱོད་བཙན་ཐབས་སུ་སྤེལ་བཞིན་པའི་སྲིད་ཇུས་དེས། བོད་ཕྲུག་རྣམས་རྒྱ་མིའི་སྤྱི་ཚོགས་ཀྱི་རྗེས་ཟིན་མི་ཐུབ་པ་དང་། སོ་སོའི་མི་རིགས་ཀྱི་ཁྱད་གཤིས་ཉམས་འཆལ་དུ་སོང་བའི་མི་རབས་ཤིག་འབྱུང་ཉེན་ཡོད་པ་ནི་བློ་འཚབ་སྐྱེ་གཞི་ཞིག་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་འགྲེལ་བཤད་མཛད་སྐབས། ནང་པའི་ཆོས་ལུགས་དང་། ནང་པའི་ལྟ་གྲུབ། ནང་པའི་ཚན་རིག་བཅས་སྡེ་ཚན་གསུམ་དུ་ཕྱེ་སྟེ། ནང་པའི་ལྟོས་གྲུབ་རྟེན་འབྲེལ་གྱི་ལྟ་བ་དང། གཞལ་བྱ་ཡུལ་གྱི་རྣམ་གཞག །འཇལ་བྱེད་བློ་ཡི་རྣམ་གཞག །བློ་དེས་ཡུལ་དེ་ཇི་ལྟར་འཇལ་བའི་ཚུལ་གྱི་ནང་པའི་ཚན་རིག་དང་། ནང་པའི་སེམས་ཁམས་རིག་པ་དང་། དངོས་ཁམས་ཀྱི་རྣམ་གཞག་སོགས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ཐེངས་ ༣༨ སྐོང་ཚོགས་གནང་བ་མ་ཟད། བོད་ཀྱི་ཆོས་བརྒྱུད་ནང་ཁུལ་ཕན་ཚུན་རིས་མེད་བགྲོ་གླེང་དང་། གདན་ས་ཁག་ཏུ་ཚན་རིག་སློབ་ཚན་གསར་འཇུག་གིས། དུས་རབས་ཉེར་གཅིག་པའི་ནང་པ་གསོ་སྐྱོང་གི་གཞི་མ་བརྟན་འཛུགས་མཛད་ཡོད་ཅིང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་ནང་གཤིན་པའི་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་མང་པོ་ཡོད་ལ། པ་ལིའི་ཆོས་བརྒྱུད་འཛིན་པ་རྣམས་ལ་མཛའ་གཅུགས་དམ་འབྲེལ་དང། བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དམ་ཚིག་འོ་ཆུ་གཅིག་འདྲེས་སུ་ཡོད་པ་ནི་མདའ་མཚོན་གོ་ཆ་ལ་སྐྱབས་བཅོལ་བའི་དཔུང་ཚོགས་གང་གིས་ཀྱང་གླགས་འཁེལ་བ་ཞིག་གཏན་ནས་མིན།
བཙན་བྱོལ་ནང་བོད་ཀྱི་ཆོས་རིག་གི་བསྟི་གནས་བསྐྱར་གསོ་ལ་མཚོན་ན། ཐོག་མའི་ཆར་སྦག་ས་ཆོས་སྒར་དུ་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་ཞལ་གྲངས་ ༡༥༠༠ ལ་སློབ་གཉེར་གྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་དང་། རིམ་བཞིན་གཞིས་སྒར་ཁག་གསར་འཛུགས་བསྐྱངས་པ་དང་བསྟུན། སྦག་ས་ཆོས་སྒར་གྱི་བླ་གྲྭ་རྣམས་བོད་མིའི་གཞིས་སྒར་སོ་སོའི་ཁོངས་སུ་སྤོ་འགོ་ཚུགས་ཐུབ་པ་བྱུང་ཡོད་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན་བསྟན་བདག་བླ་ཆེན་རྣམ་པས་བཞེངས་བསྐྲུན་གནང་བའི་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པའི་ཆོས་སྡེ་ཁག་གིས། རིས་སུ་མ་ཆད་པའི་དབང་ལུང་མན་ངག་རྒྱུན་འཛིན་དར་སྤེལ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་རིག་གཞུང་གཅེས་ཉར་གོང་སྤེལ་དང་། འཛམ་གླིང་ཧྲིལ་པོར་བོད་ཀྱི་ཆོས་རིག་གི་རིན་ཐང་མཚམས་སྦྱོར་ལ་བྱེད་ནུས་རླབས་ཆེན་བཏོན་དང་འདོན་མུས་ཡིན་ལ། ད་ལྟའི་ཆར། རྒྱ་བལ་འབྲུག་གསུམ་ནང་ཆོས་རིག་ལས་ཁུངས་སུ་དེབ་སྐྱེལ་ཟིན་པའི་རིས་མེད་དགོན་སྡེ་གྲངས་ ༢༥༦ དང་། བཙུན་དགོན་ ༣༦ བཅས་བསྡོམས་པའི་དགོན་པ་གྲངས་ ༢༩༢ ཡོད་པ་དེ་དག་ཏུ་གྲྭ་བཙུན་སྔགས་གསུམ་གྲངས་ ༣༩༤༣༩ ཡོད་ཁོངས་དགེ་འདུན་པ་ ༣༤༨༣༥ དང་། བཙུན་མ་ ༤༦༠༤ ཡོད་པ་དང་། རྒྱལ་སྤྱིའི་ནང་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ ༡༠༠༠ མ་ཟིན་ཙམ་བཅས་ནས་རྒྱལ་བསྟན་སྲོག་གི་ཀ་བ་བརྟན་པོར་ཚུགས་ཡོད་ཅིང་། དེ་བཞིན་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་། སྨན་རྩིས་རིག་གནས་ཀྱི་བསྟི་གནས་ཁག་གསར་འཛུགས་དང་འཐུས་ཚང་བཏང་སྟེ་འཛམ་གླིང་ཁྱོན་ལ་ཕན་ཐོགས་ངེས་ཅན་འདོན་བཞིན་ཡོད།
རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་བའི་དམིགས་ཡུལ་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་སྙིང་དུ་གྲུབ་པའི་དགོན་པའི་སྒྲིག་འཛུགས་དང་སྲོལ་རྒྱུན་སློབ་གཉེར་གྱི་ལམ་སྲོལ་མཐའ་དག་ཉམས་དམས་སུ་གཏོང་རྒྱུ་ཡིན་པ་སྨོས་མ་དགོས་ཤིང་། བོད་ཀྱི་དགོན་སྡེ་སློབ་གྲྭ་ཅན་དང་། བོད་ཀྱི་སློབ་གྲྭ་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་ངན་ཇུས་དེ་ལག་བསྟར་བྱེད་སྟངས་ལ་གཞིགས་ན། ད་ལྟའི་ཆར་དགོན་པ་ཁག་གི་འཛིན་སྐྱོང་ཁྱོན་ཡོངས་ནས་རྒྱ་གཞུང་གི་ལས་བྱེད་པས་བདག་འཛིན་བྱེད་བཞིན་པ་དང། དགོན་པའི་སློབ་ཚན་ཁག་ཏུ་དམར་པོའི་ལྟ་སྤྱོད་དང་། རྒྱའི་སྐད་ཡིག་གི་སློབ་ཚན་གྱི་བརྒྱ་ཆའི་གྲངས་ཚད་གཏན་འབེབས་བྱས་པའི་ཐོག་ནས་སློབ་སྤེལ་བྱེད་བཞིན་ཡོད་ལ། སློབ་ཁང་དེ་དག་ནས་ཐོན་མཁན་ཚོར་རྒྱ་གཞུང་གིས་གསར་གཏོད་བྱས་པའི་ལག་ཁྱེར་སྤྲོད་བཞིན་པ་མ་ཟད། ཆོས་མེད་སྨྲ་བའི་རྒྱ་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ལའང་ཐོ་འགོད་ལག་ཁྱེར་སྤྲད་དེ་ལོ་ངོ་སྟོང་ཕྲག་ལྷག་གི་དགོན་པའི་སློབ་གཉེར་ལམ་སྲོལ་ཐེར་ཚལ་དུ་གཏོང་བཞིན་ཡོད།
འཛམ་གླིིང་གི་ཡང་རྩེེ་རུ་འབོོད་པའིི་བོོད་འདིི་ནིི། གོ་ལའི་འབྱུང་ཁམས་དོོ་སྙོོམས་ཀྱིི་ཐོོག་ནས་གལ་གནད་ཆེེ་ཤོོས་ཤིིག་དང་། གནམ་གཤིིས་འགྱུར་ལྡོོག་གིི་ཐོོག་ནས་རྫིི་གསང་དོོད་ཤོོས་ཀྱིི་ས་ཁུལ་ཞིིག་ཡིན་ལ། བོོད་ལ་ཨེེ་ཤིི་ཡའིི་ཆུ་མཛོོད་ཅེེས་འབོོད་པ་ལྟར། བོོད་ནས་འབབ་པའིི་རྒྱུག་ཆུ་རྣམས་ཀྱིས་མིི་འབོོར་དུང་ཕྱུར་ཉིི་ཤུ་ཙམ་གྱིི་འཚོོ་གནས་ལ་དངོོས་ཤུགས་ཅིི་རིིགས་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོོད། རྒྱ་གཞུང་གིས་བོད་ནང་གཏེེར་ཁ་སྔོོག་འདོོན་དང་། ས་ཆ་ཕྲུ་སློག་གསར་སྦོལ། ཤིིང་ནགས་གཅོོད་འབྲེེག །སྐམ་གཤེར་དུ་གནས་པའི་རིི་དྭགས་བསད་བཟུང་། ཁྱོན་འབོར་ཆེ་བའི་གཞིས་སྤོ་ལས་གཞི། གཞིི་རྒྱ་ཆེེ་བའིི་རྨང་གཞིིའིི་སྒྲིིག་བཀོོད་འཛུགས་སྐྲུན་སོོགས་ཀྱིི་རྐྱེེན་པས། བོོད་ཀྱིི་རྩྭ་ཐང་དང་ནགས་ཚལ། རི་ཀླུང་བཅས་པ་བྱེེ་ཐང་ཅན་དུ་འགྱུར་ཚད་ཆེ་བ་དང་། བོོད་མཐོོ་སྒང་གིི་ཚ་དྲོོད་འཕར་ཚད་ནི་འཛམ་གླིིང་གིི་ཆ་སྙོོམས་གྲངས་ཚད་ལས་ཉིིས་ལྡབ་ཡིིན་པ་དེེས་སྲིད་པའི་འཁྱགས་རོོམ་ཞུ་བ་དང་། རྒྱུག་ཆུ་འདི་དག་འབབ་རྒྱུད་ཀྱིི་རྒྱལ་ཁབ་ཁག་ལ་ཆུ་ལོོག་དང་། ས་རུད། ཐན་པའི་གནོད་འཚེ་ལྡབ་འཕར་བྱུང་སྟེ། འཚོོ་བ་དང་ཟ་འབྲུ་སོོགས་ཀྱིི་བདེེ་འཇགས་ལ་ཉེེན་ཁ་བཟོོ་བཞིིན་ཡོོད།
རྒྱ་གཞུང་གི་ནུབ་གློག་ཤར་གཏོང་ཟེར་བའི་ལས་གཞིའི་ཁོངས་ཡར་ཀླུང་གཙང་པོ་ཆུ་ལག་བཅས་པ་དང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་ཆུ་ལག་དང་བཅས་པར་ཆུ་མཛོད་འབོར་ཆེན་ཞིག་བསྐྲུན་དང་སྐྲུན་བཞིན་པ་དཔེར་ན། ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ཆུ་མཛོད་བསྐྲུན་ཏེ་གློག་ཤུགས་ཀི་ལོ་ཝཊ་བྱེ་བ་བརྒྱད་ཙམ་སྔོག་འདོན་ཐུབ་ཀྱི་ཡོད་ལུགས་བསྒྲགས་འདུག་པ་དང་། མེ་ཏོག་རྫོང་གི་ཆུ་མཛོད་དེ་ཕྱི་ལོ་ ༢༠༣༠ ནས་ ༢༠༣༥ བར་སྐྲུན་འགོ་ཚུགས་ཏེ། ཕྱི་ལོ་ ༢༠༤༥ ལོར་འགྲུབ་འཆར་བསྒྲིགས་འདུག་ལ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དང་ཆུ་ལག་ཁག་ཏུ་ཀི་ལོ་མི་ཊར་ ༡༠༠ ནང་ཚུད་དུ་ཆུ་མཛོད་ ༨ ཙམ་བསྐྲུན་དང་སྐྲུན་བཞིན་འདུག
འབྲི་ཆུ་འབབ་རྒྱུད་དུ་ཆུ་གློག་ས་ཚིགས་བཅུ་གསུམ་འཛུགས་སྐྲུན་ལས་འཆར་སྐོར་བཀའ་ཤག་གི་འདི་ལོའི་གསུམ་བཅུ་དུས་དྲན་གྱི་གཏམ་བཤད་དུ་གླེང་ཟིན་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་རིམ་འགན་ཁུར་བ་བཅུ་གསུམ་གྱིས། ཆུ་རགས་དེས་བོད་མཐོ་སྒང་དང་། རྒྱ་ནག །ས་གནས་དེ་རང་བཅས་པའི་ཁོར་ཡུག་དང་གནམ་གཤིས་ལ་ཚབས་ཆེ་ཞིང་གསོ་ཐབས་མེད་པའི་ཤུགས་རྐྱེན་ཐེབས་སྲིད་ཅེས་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད་ནའང་། རྒྱ་གཞུང་གིས་འབྲི་ཆུ་འབབ་རྒྱུད་དུ་ད་དུང་ཆུ་གློག་ས་ཚིགས་དེ་དག་གི་སྤྱི་བསྡོམས་གློག་ཤུགས་འདོན་ཚད་ལས་ལྡབ་གསུམ་ཙམ་གྱི་ཉི་གློག་འཛུགས་འཆར་བསྒྲིགས་ཟིན་ལུགས་སྒྲོག་བཞིན་ཡོད་པ་དེའི་ཉི་འོད་གསོག་སྤྱད་སྒྲོམ་བུས་བོད་ཀྱི་རི་ལུང་ཅི་ཙམ་སྒྲིབ་གཡོགས་བྱེད་མིན་དང་། དེས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་འབྱུང་སྐོར་རྒྱ་གཞུང་གིས་ཕྱི་ལ་ཤོད་ཀྱི་མེད།
དེ་བཞིན་དུ་དར་དམར་གཙང་པོ་ལས་གཞི་ཟེར་བའི་ནང་། ཡར་ཀླུང་གཙང་པོ་ཤར་དུ་དྲངས་ཏེ་རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བརྒལ་ནས་བྱང་དུ་གཏད་དེ་མཚོ་སྔོན་དང་ཀན་སུའུ་འདྲེས་མཚམས་ཀྱི་ལིའུ་ཅ་ཞ་ཆུ་མཛོད་དུ་བསྒྲིལ་རྗེས་བྱང་ནུབ་ཏུ་ཕྱོགས་ཏེ་ཀན་སུའུ་ཡི་ས་ཁོངས་བརྒྱུད་ཤིན་ཅང་གི་ཧོ་ཐེན་དང་། ཁ་ཤི་གར་ལ་སླེབས་རྒྱུ་ཡིན་པ་དང་། ལྷོ་ཆུ་བྱང་འདྲེན་ལས་གཞི་དེའི་རིང་ཚད་ལ་ཀི་ལོ་མི་ཊར་ ༦༡༨༨ ཡོད་ལུགས་བསྒྲགས་ཡོད།
གལ་ཏེ་སྲིད་དབང་སྒེར་འཛིན་པའི་འཁྲུལ་སྣང་དང་འདོད་རྔམ་གྱིས་བསྐྱེད་པའི་ལས་གཞི་འདི་རིགས་དངོས་སུ་ལག་བསྟར་བྱས་པ་ཡིན་ན། ས་ཡོམ་གྱི་གནོད་འཚེ་མང་བ་དང་། རི་བོ་མཐོ་ལ་གྲོག་རོང་ཟབ་པའི་བོད་ཀྱི་ས་ཆའི་སྟེང་རི་ཕིགས་པ་དང་། བྲག་གཤགས་པ། ཆུ་འགྲོའི་ཟམ་པ་འཛུགས་པ། རྒྱུག་ཆུ་བཀག་བསྐྱིལ་སོགས་འཛུགས་སྐྲུན་དེ་རིགས་ཀྱིས་ས་གཤིས་ལ་ཐད་ཀར་གཏོར་སྐྱོན་ཐེབས་རྒྱུ་ཡིན་པ་མ་ཟད། སྐམ་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་སྐབས་ནང་བཞིན་ལས་གཞི་འཁེལ་ཡུལ་གྱི་བོད་མི་འབོར་ཆེན་ཞིག་ཕ་མེས་ནས་བརྒྱུད་པའི་རང་ཡུལ་བཞག་སྟེ་གནས་སྤོ་བྱེད་དུ་འཇུག་རྒྱུ་ཡིན་པ་གོར་མ་ཆག
རྒྱ་གཞུང་གི་ལས་གཞི་རྣམས་ནི་འགོ་ཁྲིད་པའི་རང་སྣང་གང་དྲན་ལ་གཞི་བཅོལ་བ་མ་གཏོགས། ཚན་རིག་གི་ལམ་ནས་བརྟག་དཔྱད་ཞིབ་འཇུག་དང་། ཕུགས་ཀྱི་ཁེ་གྱོང་ལ་གཞལ་བསྡུར་གྱི་ལམ་སྲོལ་གཏན་ནས་མེད་སྟབས། བོད་ཀྱི་ཁོར་ཡུག་རྒྱན་རྩེད་བྱེད་པའི་མཇུག་འབྲས་ཀྱིས་བོད་ཙམ་མ་ཟད། རྒྱ་ནག་དང་འཛམ་གླིང་ཧྲིལ་པོར་གསོ་ཐབས་མེད་པའི་གནོད་སྐྱོན་ཐེབས་སྲིད་པ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ང་ཚོས་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་དང་ལེན་བྱེད་དགོས་པ་ནི། འབྱུང་ཁམས་ཆ་སྙོམས་ལ་གཏོར་སྐྱོན་བཏང་ཚེ། དེས་འགྲོ་བ་མིའི་རིགས་ལ་དཀའ་སྡུག་ཆེན་པོ་བཟོ་ངེས་ཡིན། དེས་ན་ད་ལྟ་འཚོ་གནས་བྱེད་བཞིན་པའི་མི་ཚོས་ངེས་པར་དུ་མི་རབས་རྗེས་མ་རྣམས་ལ་སེམས་ཁུར་བྱེད་དགོས། གཙང་ཞིང་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ཅིག་ལ་ལོངས་སྤྱོད་རྒྱུ་འདི་ཡང་གཞན་དང་མཚུངས་པའི་ང་ཚོའི་ཁེ་དབང་ཞིག་ཡིན་ཞེས་བཀའ་བསྩལ་བ་བཞིན། སཱ་ལའི་སྨན་ལྗོངས་འདིའི་ཁོ་ར་ཁོར་ཡུག་གཏོར་བཤིག་གི་ཉེན་ཁ་ལས་སྲུང་སྐྱོབ་ཀྱི་འགན་དབང་ནི་བོད་མཐོ་སྒང་གི་གཞི་འཛིན་དང་པོ་བོད་མི་ཚོར་ཡོད་པ་དང་། བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟར་གཏོར་བཤིག་གི་ལས་ལ་ཞུགས་པའི་མཇུག་འབྲས་རྣམས་འདོད་རྔམ་གྱིས་སྨྱོས་པའི་རྒྱ་དཔོན་ལེ་ཐོགས་ཚོས་ཁྱེར་དགོས་ངེས་ཡིན།
དེ་རིང་ནི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གཏན་འབེབས་གནང་ནས་མི་ལོ་ ༧༦ འཁོར་བའི་དུས་ཆེན་ཡང་འཁེལ་ཡོད་ཅིང། བསྒྲགས་གཏམ་འདིའི་ནང་། བསམ་བློ་དང་ཆོས་དད། སྨྲ་བརྗོད་དང་། འདུ་འཛོམས་ཀྱི་རང་དབང་ནི་སུས་ཀྱང་བཙན་འཕྲོག་བྱེད་མི་ཆོག་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པ་དང་། ཤེས་ཡོན་སློབ་གསོས་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་ཕན་ཚུན་དབར་རྒྱུས་ལོན་དང་། བཟོད་བསྲན། མཛའ་གཅུགས་སྐུལ་སྤེལ་གཏོང་དགོས་པ་དང་། བུ་ཕྲུག་གིས་སློབ་གསོ་གང་ཞིག་འདེམས་མིན་ཐོག་ཕ་མར་ཐོབ་ཐང་ཡོད་སྐོར་གསལ་འཁོད་བྱས་ཡོད།
ཉེ་བའི་ཆར། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༤ ཉིན་ཡུ་རོབ་མཐུན་ཚོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༧ པའི་སྟེང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་གླེང་སློང་གནང་ཡོད་པ་དང་། ཟླ་ ༡༠ ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་ ༧༩ པའི་ཚོགས་ཆུང་གསུམ་པར། ཨོ་གླིང་སོགས་རྒྱལ་ཁབ་ ༡༥ ཡིས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་གཙོས་པའི་རང་དབང་ཅན་གྱི་ལྟ་ཞིབ་པ་རྣམས་ཤིན་ཅང་(ཤར་ཏུར་ཀེ་སི་ཐན་) དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱ་ཆེད། དམ་བསྒྲགས་མེད་པ་དང་། དོན་སྙིང་ལྡན་པའི་ཐོག་ནས་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་ལ། ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བཟོ་ལས་རྒྱལ་ཁབ་བདུན་(G-7)གྱི་ཕྱི་སྲིད་དྲུང་ཆེ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་བསྟན་ཡོད།
བཙན་བྱོོལ་ནང་གཞིས་བྱེས་བོད་མིའི་སྡོམ་འབོར་གྱི་བརྒྱ་ཆ་ ༢ ལས་མེད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་གྱི་བྱིན་མཐུ་ལས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གཅེས་འཛིན་དང་དར་སྤེལ་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་སོན་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཅིང་། འདིའི་ཁོངས་སུ་བོད་ནས་རྗེས་འབྱོར་བ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གདན་ས་གྲྭ་ཚང་དུ་ཆོས་ཞུགས་བྱེད་མཁན་ ༢༧༠༨༣ དང་། སློབ་གྲྭ་ཁག་ཏུ་སྒྲིག་ཞུགས་བྱེད་མཁན་ ༣༤༨༦༦ ལ་གནའ་དེང་ཤེས་ཡོན་སློབ་གཉེར་གྱི་གོ་སྐབས་བསྐྲུན་ཐུབ་ཡོད་ཅིང་། རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་གྱི་ཚད་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་ཡོད། དེ་ལས་ལྡོག་སྟེ། བོད་མིའི་སྡོམ་འབོར་གྱི་བརྒྱ་ཆ་ ༩༨ ལྷག་ཟིན་པའི་གཞིས་བཞུགས་བོད་མི་ཚོར་རྒྱ་གཞུང་གིས་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱེད་བཞིན་པ་མ་ཟད། ད་ཆ་བོད་ཕྱི་ནང་དང་། བོད་ནང་ཁུལ་དུ་འགྲོ་འོང་བཀག་སྡོམ་བྱས་ཏེ་བོད་ཡུལ་ཧྲིལ་པོ་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟ་བུའི་འོག་གནས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ནས་ལོ་མཐུད་བོད་དོན་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་བསྟེན་དགོས་པའི་བཀའ་ནན་ཕེབས་པ་ལ་བརྟེན་ནས། བརྒྱ་ཕྲག་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་དགུ་བཅུ་གསུམ་ལས་འགུལ་གྱིས་མཚོན་པའི་ཞི་རྒོལ་ཁག་ནས། ས་བྱི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༢༢ བར་བོད་མི་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཤེས་རྟོགས་བྱུང་བ་ ༡༥༧ བཅས་ཀྱི་བར་བོད་མིའི་ངོ་རྒོལ་མཐའ་དག་འཚེ་མེད་ཞི་བའི་ལམ་ནས་སྤེལ་ཡོད་པ་དང་། ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག །རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པའི་བཀའ་སློབ་རིམ་ཅན་དུ་གནང་བ་ལ་བརྟེན་ནས། བོད་ནང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་ལ་འཇིགས་ཞུམ་མེད་པར་ཐོབ་ཐང་རྩོད་ལེན་བྱེད་མཁན་རིམ་པར་བྱུང་དང་འབྱུང་བཞིན་མ་ཟད། རང་གི་མི་རིགས་ལ་གཅེས་ཞེན་ཡོད་མཁན་ཕ་མ་བུ་ཕྲུག་ཧ་ཅང་མང་པོས་དམ་བསྒྲགས་འོག་ཐབས་ལམ་ཅི་རིགས་ཀྱི་སྒོ་ནས་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་གྱི་ཐབས་ཚུལ་ལ་འབད་པ་ལྷོད་མེད་བསྟེན་བཞིན་པ་ནི་བློ་སྟོབས་འཕེལ་གཞི་ཞིག་ཡིན།
བོད་རྒྱའི་རྩོད་རྙོག་སེལ་བའི་དབུ་མའི་ལམ་གྱི་སྲིད་ཇུས་འདི་བོད་མིའི་སྒྲིག་འཛུགས་ནས་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱེད་བཞིན་པའི་གཞི་རྩའི་དགོས་འདུན་ནི། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་མི་འདུ་སྡོད་བྱ་ཡུལ་ས་གནས་ཡོངས་རྫོགས་ཀྱི་བོད་མི་ཚང་མར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་འགན་ལེན་བྱས་པའི་ཆ་རྐྱེན་ཁག་གཞིར་བཟུང་ཆོས་དང་རིག་གཞུང་། སྐད་ཡིག །ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རང་སྐྱོང་གི་གནས་བབ་གཅིག་གྱུར་དགོས་རྒྱུ་དེ་རང་ཡིན་ཞིང་། རྒྱ་གཞུང་གིས་བོད་མིའི་ལུགས་མཐུན་འདོད་འདུན་ལ་བརྩི་མེད་རྡོག་རོལ་གཏོང་རྐྱང་དང་། བོད་མིའི་ཐུན་མིན་ངོ་བོ་རྩ་གཏོར་གྱི་སྦྱོར་ངན་རྩོམ་རྐྱང་བྱས་ཚེ། མི་རིགས་སུ་ཞིག་གིས་ཀྱང་རང་ཉིད་རྩ་མེད་བཟོ་བྱར་འཛིན་མཁན་གྱི་སྲིད་གཞུང་དེར་བརྩི་བཀུར་བྱེད་སྲིད་ཀྱི་མ་རེད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་ཟུང་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་། མཛད་བཟང་འོད་བརྒྱའི་སྣང་བ་ཕྱོགས་མཚམས་ཡོངས་སུ་ཁྱབ་སྟེ། རྒྱལ་བསྟན་སྲོག་གི་ཀ་བ་བོད་ཀྱི་སྐད་ཡིག་རིག་གཞུང་ཡུན་གནས་དང་། བསིལ་ལྡན་གངས་ཅན་ལྗོངས་ཀྱི་དྭངས་གཙང་ཁོར་ཡུག་ཉམས་མེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས་བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ལ། །