༄༅། །དེ་རིང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར། མགོན་པོ་མཆོག་གིས་མཁའ་ཁྱབ་འགྲོ་བ་ཡོངས་ལ་བུ་གཅིག་པའི་མ་ལྟར་ཐུགས་བརྩེའི་གསང་གསུམ་འཕྲིན་ལས་ཀྱི་འདོད་རྒུ་བསམ་གྱིས་མི་ཁྱབ་པ་དུས་ལས་ཡོལ་བ་མེད་པར་བསྐྱངས་དང་སྐྱོང་བཞིན་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་དང་སྦྲགས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་གཟེངས་རྟགས་ཁག་ནི་ཕྱི་ལོ་ ༡༩༠༡ ལོར་འགོ་བཙུགས་ཤིང་དངོས་ཁམས་རིག་པའི་གཟེངས་རྟགས་དང་། (Nobel Prize in Physics) རྫས་སྦྱོར་རིག་པའི་གཟེངས་རྟགས། (Nobel Prize in Chemistry) ལུས་ཁམས་རིག་པའམ་སྨན་གྱི་གཟེངས་རྟགས། (Nobel Prize in Physiology or Medicine) རྩོམ་རིག་གཟེངས་རྟགས། (Nobel Prize in Literature) ཞི་བདེའི་གཟེངས་རྟགས། (Nobel Prize for Peace) དཔལ་འབྱོར་རིག་པའི་གཟེངས་རྟགས། (Nobel Prize in Economic Sciences)བཅས་ལས་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༦༩ ལོར་འགོ་བཙུགས་ཤིང་། གཞན་རྣམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཨལ་ཕི་རེཌ་ནོ་སྦེལ་ (Alfred Nobel) མཆོག་ཕྱི་ལོ་ ༡༨༩༦ ལོར་སྐུ་གཤེགས་རྗེས་ཞལ་ཆེམས་སུ་ཁོང་གི་རྒྱུ་ནོར་ཕལ་ཆེ་བ་གཟེངས་རྟགས་འདི་རིགས་འབུལ་ཆེད་འཇོག་གནང་མཛད་ཅིང་འཛམ་གླིང་འདི་ཡག་པོ་ཞིག་ཡོང་བར། འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེ་ཤོས་བྱུང་བའི་གསར་གཏོད་གནང་མཁན་ཚོར་འབུལ་རྒྱུའི་དམིགས་ཡུལ་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༢༤ ལོ་འདིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནི་ཕྱི་ལོ་ ༡༩༥༦ ལོར་ཉི་འོང་གཞུང་ནས་འབར་རྫས་ཀྱིས་གནོད་སྐྱོན་ཕོག་མཁན་ཚོར་ལྟ་སྐྱོང་གནང་དགོས་སོགས་རྒྱལ་སྤྱིའི་ནང་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་སྔོན་འགོག་དང་། རྡུལ་ཕྲན་མཚོན་ཆ་རྩ་མེད་དགོས་པའི་ལྷན་ཚོགས་དང་གྲོས་མཐུན་ཡོང་ཆེད་བཙུགས་གནང་བ་ཉི་འོང་དུ་རྟེན་གཞི་བྱས་པ་ཎི་ཧོན་ཧི་ཌན་ཀྱོ་ (Nihon Hidankyo) ཚོགས་པ་ལ་ཐོབ་ཡོད་པར་ཚོགས་པའི་འགན་བཞེས་མཁན་རྣམས་ལ་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན།
ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་གོང་འཕེལ་དང༌། གོ་མཚོན་ཉུང་འཕྲི་དང་མཚམས་འཇོག དམག་འཁྲུག་སྔོན་འགོག ཞི་བདེ་སྲུང་སྐྱོབ་དང་དར་སྤེལ། དྲང་བདེན་དང་འདྲ་མཉམ་གྱི་སྤྱི་ཚོགས་སྐྲུན་མཁན། མདོར་ན་འཛམ་གླིང་ནང་ཞི་བདེ་དང་བརྩེ་སེམས་གོང་འཕེལ་གཏོང་བར་བྱས་རྗེས་རླབས་ཆེན་འཇོག་པའི་ཚོགས་པ་དང་མི་སྣ་རྣམ་པར་གཟེངས་རྟགས་འདི་འབུལ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ལ་སྨན་པའི་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་དགོས་པའི་བླ་ན་མེད་པའི་དགོངས་གཞི་སྤྱི་དང༌། ཁྱད་པར་བོད་མིའི་རང་དབང་བསྐྱར་གསོའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ཁོ་ནར་སྣེ་འཁྲིད་མཛད་པའི་མཛད་རྗེས་བཅས་ལ་ངོས་འཛིན་གྱིས་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཅིང༌། དེ་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་གོང་མཐོར་ཕྱིན་ཡོད། དེ་རིང་གི་གོ་སྐབས་བཟང་པོ་འདི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་པ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ངོ་བོ་འཚེ་མེད་ཞི་བའི་ལམ་འབའ་ཞིག་རྒྱུན་སྐྱོང་དང་། བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་ཕྱར་གྲུ་མཉམ་འདེགས་དང་། ནུས་པ་ཆིག་བསྒྲིལ་བྱ་དགོས་པ་དྲན་སྐུལ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྟན་འགྲོ་སྤྱི་དང་། ལྷག་པར་དུ་བོད་མི་རྣམས་ལ་ཕུགས་རྒྱང་རིང་པོར་དགེ་ཕན་ཆེ་བའི་ལམ་སྟོན་དང་དགོངས་གཞི་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་ནས་བཟུང་སྐུ་ངལ་དུ་མར་ཁྱད་བསད་ཀྱིས་བཙན་བྱོལ་བོད་གཞུང་དང་། སློབ་གྲྭ། ཆོས་སྒར། གཞིས་སྒར་ཁག་གསར་འཛུགས་དང་སྦྲགས། བོད་མིའི་བདེན་དོན་འཐབ་རྩོད་འཚེ་བ་མེད་པ་དང་། དྲང་བདེན་དང་འདྲ་མཉམ་གྱི་བོད་མིའི་སྤྱི་ཚོགས་ཤིག་སྐྲུན་ཞིང་། བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་སྣེ་ཁྲིད་མཛད་ནས་བཙན་བྱོལ་བ་གཞན་དང་མི་འདྲ་བ་ཞིག་ཚགས་ཚུད་དང་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་མུས་ཡིན་པ་མིག་མཐོང་ལག་ཟིན་གྱི་ཐུགས་རྗེའི་མཛད་འཕྲིན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པའི་ཐོག་ནས། གང་ཉིད་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་མཛད་འཁུར་བཞེས་བཞིན་པ་ལྟར། འཛམ་གླིང་འདིའི་ནང་གི་དཀའ་རྙོག་རྣམས་འཚེ་བ་མེད་པ་དང་། ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱས་ཏེ་འཛམ་གླིང་འདི་བཞིན་གོ་མཚོན་མེད་པ་ཞི་བདེའི་ཕྱོགས་སུ་མདུན་བསྐྱོད་བྱ་དགོས་པ་ནི་གང་ཉིད་ཀྱི་དགོངས་གཞི་ཧ་ཅང་གི་གལ་ཆེན་ཞིག་ཆགས་ཡོད་ན། རང་གཞན་ཀུན་ལ་ཕན་པའི་རླབས་ཆེན་གྱི་དགོངས་གཞི་འདི་རིགས་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཐུགས་སྣང་དང་དངོས་སུ་ལག་བསྟར་ཡོང་ཐབས་བྱ་དགོས་པ་ནི་དེང་གི་འཛམ་གླིང་ནང་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་ཞིང། ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་ ༧༦ འགྲོ་བཞིན་ཡོད་ཀྱང་། ཆེས་བློ་ཕམ་པ་ཞིག་ལ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་མང་པོ་ཞིག་སྔ་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་དཀའ་མེད་བྱུང་བ་དང་། དུས་དེ་ནས་ད་བར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། རྒྱ་གཞུང་གིས་བོད་མི་རིགས་དང་། སྐད་ཡིག ནང་ཆོས། རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་བརླག་ཏུ་གཏོང་རྒྱུའི་ཆེད་བོད་ནང་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་རབས་དང་རིམ་པ་མུ་མཐུད་ལག་བསྟར་བྱས་པར་བརྟེན། བོད་མི་རྣམས་ནས་ཕྱི་ལོ་ ༡༩༥༩ ལོར་གསུམ་བཅུའི་བོད་མིའི་རང་དབང་སྒེར་ལངས་ཆེན་མོས་མཚོན། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྔ་རྗེས་སུ་བྱུང་བའི་ཞི་རྒོལ་རིམ་པ་ཁག་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་དགོས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་རིམ་པ་བཏོན་གནང་ཡང་རྒྱ་གཞུང་གིས་ད་བར་དངོས་ཡོད་གནས་སྟངས་དང་མཐུན་པའི་ཡ་ལན་གང་ཡང་བྱས་མེད་པ་མ་ཟད་འགྲོ་བ་མི་ཡི་ཐོབ་ཐང་བརྩི་སྲུང་ཡེ་ནས་མེད་པར་ཞི་རྒོལ་གནང་མཁན་དང་བོད་མི་རྣམས་ལ་སྙོན་འཛུགས་འདྲ་མིན་གྱིས་བཀག་ཉར་དང་། འདྲི་རྩད། རྡུང་རྡེག བཙོན་འཇུག འགྲོ་འོང་དམ་བསྒྲགས་སོགས་གནས་སྟངས་ཡ་ང་བ་བྱུང་དང་འབྱུང་བཞིན་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དུས་བཀག་བསྐྱར་ཞིབ་ཆེད་ཚོགས་ཆུང་གི་སྙན་ཐོའི་ནང་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་བོད་ཀྱི་གནད་དོན་སྐོར་ཐེངས་ ༡༨ ཙམ་ཐེར་འདོན་གནང་ཡོད་པའི་ཐོག་བགྲོ་གླེང་སྦྱངས་བཤད་གནང་ཡོད་པ་དང་། དེ་སྔ་ ༢༠༠༩ ལོ་དང་། ༢༠༡༣།༢༠༡༨ ལོ་བཅས་ལ་གཞིགས་ན་ཐེངས་འདིར་གནད་དོན་མང་པོའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྔར་ལས་ཇེ་ཞན་ཇེ་སྡུག་དང་། རྒྱལ་སྤྱིའི་སྟེང་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་དོད་པོ་ཆགས་ཡོད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་རིམ་པ་བྱས་པའི་ཁྲོད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་རྒྱ་ནག་ལ་འདྲི་རྩད་ནན་པོ་གནང་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ནང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༧ པའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་དང་འབྲེལ། རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ། རྩོམ་པ་པོ། ཤེས་ཡོན་ཅན་རྣམས་ལ་བཙན་གནོན་དང་། བསུན་གཙེར། འཇིགས་སྐུལ། ལྟ་སྲུང་བྱེད་བཞིན་ཡོད་པ་སོགས་གསལ་འདོན་གནང་ཡོད། དེ་བཞིན་ཨི་ཊ་ལི་རྒྱལ་ཁབ་ཏུ་ཕྱི་ཟླ་ ༡༡ པའི་ནང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་ལྷན་ཚོགས་ཀྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་སོགས་ལ་འགྲོ་བ་མི་ཡི་ཐོབ་ཐང་མེད་པའི་ཐད་སེམས་འཚབ་དང་གླེང་སློང་གནང་ཡོད།
དེ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཐེར་འདོན་གནང་བར་སྙིང་ནས་ཡི་རངས་ཞུ་རྒྱུ་དང་། རྒྱ་གཞུང་ནས་དེ་དག་ཡོ་བསྲང་གིས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སྤྲོད་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན།
འཛམ་གླིང་ཁྱོན་དུ་བོད་དོན་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་འགྲོ་བཞིན་པ་ལྟར། ཡུ་རོབ་ཁུལ་དུ་སྦེལ་འཇམ་དང་། སུད་སི། ཧྥ་རན་སི། འཇར་མན། ཅེག་སྤྱི་མཐུན་རྒྱལ་ཁབ། ལུག་སཾ་བྷོག བྷལ་ཊིག་རྒྱལ་ཁབ་ལི་ཐུ་ཝི་ནི་ཡ་དང་། ལ་ཊི་ཝི་ཡ། ཨི་སི་ཊོ་ནི་ཡ་བཅས་རྒྱལ་ཁབ་སོ་སོའི་ནང་བོད་དོན་ཞུ་སྐུལ་སླད་ཆེད་ཕེབས་ཀྱིས། གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་། གྲོས་ཚོགས་གོང་འོག་གི་འཐུས་མི། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི། ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད། གཞུང་ཚབ་ཁག བོད་དོན་རྒྱབ་སྐྱོར་བ། གཞན་གནད་ཡོད་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཇལ་འཕྲད་ཀྱིས་བོད་ནང་གི་ཆབ་སྲིད་གནས་སྟངས་དང་། ཆབ་སྲིད་བཙོན་པ་དང་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་གྱུར་པའི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ཞུ་སྐུལ་གནང་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་ནུས་པ་མཉམ་སྤུངས་གནང་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་བྱུང་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་སྤྱི་འཐུས་ཚོགས་གཙོས་སྣེ་ཁྲིད་པའི་ཚོགས་ཆུང་ཞིག་ཨིན་ཡུལ་དང་། སི་ཀོ་ཊ་ལན་ཌིའི་ནང་བོད་དོན་ཆབ་སྲིད་ཀྱི་འབྲེལ་ལམ་ཚགས་ཚུད་དང་། གྲོས་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཕྱོགས་བསྐྱོད་སྐབས་ཨིན་ཡུལ་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་རྣམ་གཉིས་གཙོས་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་སོགས་གནད་ཡོད་མི་སྣ་མང་པོ་མཇལ་འཕྲད་ཀྱིས་བོད་དོན་སྐོར་གོ་རྟོགས་དང་ལས་དོན་ཁག་གང་ལེགས་བྱུང་ཡོད་པས་གོང་གསལ་རྒྱལ་ཁབ་སོ་སོའི་གནད་ཡོད་མི་སྣ་མཇལ་འཕྲད་བྱུང་བ་རྣམས་དང་། ལས་དོན་རྣམས་ལ་མཐུན་འགྱུར་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་རྒྱལ་སྤྱིའི་ནང་བོད་དོན་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་དང་། ཨ་རི། ཡུ་རོབ་གཙོས་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། མི་མང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ཞི་བདེ་གོང་འཕེལ་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ལ།།