༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་བར་བྱམས་བརྩེའི་ལྟ་གྲུབ་ཉམས་ལེན་དང་། དེའི་གདམ་ངག་སྐྱེ་འགྲོ་ཀུན་ལ་འདོམས་བཞིན་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་ཕན་ཚུན་མཐུན་འབྲེལ། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་བཅས་རླབས་ཆེན་མཛད་ཁུར་བཞི་བདག་གིར་བཞེས་ཏེ། འགྲོ་བ་མིའི་བདེ་སྐྱིད་དང་། འཛམ་གླིང་ཞི་བདེ་མངོན་འགྱུར་ཡོང་བར་སྐུ་ངལ་ལྷུར་བཞེས་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་དྲན་དང་། ད་དུང་མུ་མཐུད་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། དེའི་བྱིན་མཐུ་ལ་བརྟེན་ནས། འཇིག་རྟེན་འདི་འཁོན་རྩོད་དང་དམག་འཁྲུག་གི་སྨག་རུམ་སྟུག་པོའི་ཀློང་དུ་འདེད་མཁན་ཉོན་མོངས་ཀྱི་གཞན་དབང་དུ་ཤོར་བ་རྣམས་བླང་དོར་གྱི་བློ་མིག་ཕྱེས་ཤིང་། འགྲོ་བ་མི་རྣམས་ཞི་བདེའི་ཁོར་ཡུག་ཅིག་ཏུ་རང་དབང་གི་སྒོ་ནས་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་རྒྱུ་ཡོད་པའི་ཐུན་མོང་གི་རེ་སྨོན་མངོན་འགྱུར་ཡོང་རྒྱུ་བཅས་ལ་དམིགས་ཏེ། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་ཁྱོན་དུ་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་བགྱིས་པ་ཡིན།
ཀ) གོ་སྟོན་གོ་སྒྲིག་གི་འགན་ཁུར་ལེན་སྟངས།
བྱམས་བརྩེའི་ལོའི་མཛད་རིམ་རྣམས་བཀའ་ཤག་གི་ལམ་སྟོན་འོག་དབུས་ལས་ཁུངས་ཁག་གི་ལས་བྱེད་རྒན་གྲས་ལས་གྲུབ་པའི་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཏེ། ས་གནས་དང་ཡུལ་ལུང་སོ་སོའི་ཚོགས་ཆུང་ཁག་ལ་འབྲེལ་གཏུགས་དང་། མཐུན་འགྱུར། ལམ་སྟོན་གྱི་ཞུ་སྒོ་སོགས་ལ་འགན་ཁུར་ལེན་རྒྱུ།
བྱམས་བརྩེའི་ལོའི་མཛད་རིམ་སྤེལ་ཡུལ་ནི་བཞུགས་སྒར་དྷ་རམ་ས་ལ་དང་། བོད་མིའི་འདུ་གནས་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། མཛའ་འབྲེལ་ཚོགས་པ་ཡོད་སའམ། དེ་དག་གིས་སྙོབ་ས་ཡུལ་ལུང་ཚང་མ་ཡིན།
བཞུགས་སྒར་དྷ་རམ་ས་ལའི་ལས་རིམ་འཆར་སྒྲིག་དང་ལག་བསྟར་གྱི་འགན་ཁུར་རྣམས་དབུས་གོ་སྒྲིག་ཚོགས་ཆུང་གིས་འགན་ལེན་བྱ་རྒྱུ་དང་། བྱེ་བྲག་གི་ལས་རིམ་རྣམས་དབུས་ལས་ཁུངས་ཁག་གི་འབྲེལ་ཡོད་ལས་བྱེད་ལས་གྲུབ་པའི་ཡན་ལག་ཚོགས་ཆུང་ཁག་ལ་འགན་དཀྲི་བྱ་རྒྱུ།
དབུས་གོ་སྒྲིག་ཚོགས་ཆུང་ནས་བཟོ་སྐྲུན་བྱས་པའི་དྲ་ཚིགས་ www.ghoton.net ནང་། དབུས་དང་ས་གནས་ཚོགས་ཆུང་སོ་སོར་དགོས་མཁོ་ཡོད་པའི་གོ་སྟོན་གྱི་མཚོན་རྟགས་དང་། སྦྱར་ཡིག འཕྲེད་དར་སོགས་ཀྱི་བཀོད་དབྱིབས་དང་། འགྲེམས་སྟོན་གྱི་རྒྱུ་ཆའི་ཆེད་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཐང་ག་དང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་ཐང་། སྐུ་པར། གཟེངས་རྟགས་དང་ཕྱག་ཁྱེར་སོགས་ཕབ་ལེན་བྱེད་ཆོག་པ་བཟོ་རྒྱུ་དང་། དྲ་ཚིགས་དེར་བྱམས་བརྩེའི་ལོའི་ས་གནས་སོ་སོའི་བྱེད་སྒོའི་གནས་ཚུལ་འགོད་སྤེལ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ཡོད་ཀྱི་གློག་བརྙན་དང་། བཅར་འདྲིའི་བརྙན་འཕྲིན་སོགས་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ།
རྒྱ་བལ་འབྲུག་གསུམ་གྱི་བོད་མི་འདུ་གནས་ཁག་ཏུ། རྒྱུན་ལྡན་དང་དམིགས་བསལ་ལས་རིམ་འཆར་འགོད་ལག་བསྟར་ཆེད་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་སུ་གོ་སྟོན་གོ་སྒྲིག་ཚོགས་ཆུང་རེ་ཟུར་བཙུགས་ཀྱིས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། མཛའ་འབྲེལ་ཚོགས་པ་ཁག་དང་མཉམ་རུབ་ཀྱི་སྒོ་ནས་གོ་སྟོན་མཛད་རིམ་གོ་སྒྲིག་བྱ་རྒྱུ།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ། སྐུ་ཚབ་དོན་གཅོད་ཁང་སོ་སོའི་ཁྱབ་ཁོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་གྲངས་འབོར་ལ་གཞིགས་ཏེ། རྒྱལ་ཡོངས་གོ་སྒྲིག་ཚོགས་ཆུང་གཅིག་གམ། ཡང་ན་ས་གནས་གོ་སྒྲིག་ཚོགས་ཆུང་དུ་མ་འཛུགས་འོས་བབ་གཟིགས་ཀྱིས་གོ་སྟོན་ལས་རིམ་འཆར་འགོད་ལག་བསྟར་བྱ་རྒྱུ།
ཁ) བཞུགས་སྒར་གྱི་གོ་སྟོན་མཛད་རིམ།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ལྷ་དབྱར་གསོལ་དང་། ༸སྐུའི་གོ་སྟོན་དངོས་གཞི་བྱམས་བརྩེའི་ལོ་ཞེས་པའི་ལོ་འཁོར་གཞུང་འབྲེལ་མཛད་སྒོ་དབུ་འཛུགས་ཞུ་རྒྱུ།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༧ ནས་ ༩ བར། དབུས་ལས་ཁུངས་ཁག་གི་གོ་སྟོན་ལས་རིམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དགའ་སྟོན་ལ་ཆེད་བཅར་ཞུས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་རྣམས་ཀྱིས་ཡུལ་ལུང་སོ་སོའི་རིག་གཞུང་སྒྱུ་རྩལ་གཟིགས་འབུལ།
དབུས་དང་ས་གནས་ཀྱི་ལོ་འཁོར་ལས་རིམ་རྣམས་སྐབས་དུས་སོ་སོར་གསལ་བསྒྲགས་བྱ་རྒྱུ།
ཀ) ས་གནས་ཚོགས་ཆུང་ཁག་གི་བྱེད་སྒོ།
ས་གནས་ཚོགས་ཆུང་ཁག་གིས་སོ་སོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཛའ་འབྲེལ་ཚོགས་པ་ཁག བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ་བཅས་ལ་མཉམ་རུབ་ཀྱིས་ཕན་ཚུན་རིག་གཞུང་གོ་རྟོགས་དང་། སྤྱི་ཚོགས་འབྲེལ་འདྲིས། ཤེས་ཡོན་མཉམ་འབྲེལ་བྱེད་སྒོ་སོགས་ས་གནས་སུ་རྒྱུན་ལྡན་དང་དམིགས་བསལ་གོ་སྟོན་ལས་རིམ་འཆར་འགོད་དང་ལག་བསྟར་བྱ་རྒྱུ།
ཚོགས་ཆུང་གི་ཁྱབ་ཁོངས་ས་གནས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་དང་གཟེངས་བསྟོད་ཕུལ་མྱོང་བའི་དབུས་སའི་གཞུང་དང༌། ཚོགས་སྡེ། མཐོ་སློབ། སྒྲིག་འཛུགས། དེ་བཞིན་བཅར་འདྲི་ཞུས་མྱོང་བའི་བརྒྱུད་ལམ་ཁག་བཅས་པར་འབྲེལ་གཏུག་གནང་སྟེ། དེ་དག་ལ་༸གོང་ས་མཆོག་གི་མཛད་འཕྲིན་ཕྱིར་དྲན་གྱི་མཛད་རིམ་གོ་སྒྲིག་ཡོང་ཐབས་འབོད་སྐུལ་ཞུ་རྒྱུ།
ཁྱབ་ཁོངས་རང་རེའི་སློབ་གྲྭ་དང་གཟའ་མཇུག་སློབ་གྲྭ། འདབས་འབྲེལ་ཡུལ་མིའི་སློབ་གྲྭ། མཐོ་རིམ་སློབ་གྲྭ་ཁག རིག་གཞུང་དང་སྤྱི་ཚོགས་ཞབས་ཞུའི་ཚོགས་སྡེ་བཅས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་བཞི་དང་། སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་སློབ་གཉེར་ (SEE learning) ངོ་སྤྲོད་ཀྱི་མཁས་པའི་གཏམ་བཤད་དང་། བགྲོ་གླེང་རིགས་གང་ཐུབ་ཚོགས་རྒྱུ།
སོ་སོའི་གནས་ཡུལ་དང་འདབས་འབྲེལ་སྤྱི་ཚོགས་སུ་བོད་མིའི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས། སྲོལ་རྒྱུན་སྒྱུ་རྩལ་ངོ་སྤྲོད་ཀྱི་བྱེད་སྒོ་དང་། བོད་དོན་གོ་རྟོགས་ཀྱི་ལས་འགུལ་གང་མང་སྤེལ་རྒྱུ།
ས་གནས་ཀྱི་ཚོགས་སྡེ་དང་མཉམ་འབྲེལ་ལམ། རང་ཚུགས་ཀྱི་སྒོ་ནས་ངན་སློང་ལ་སྦྱིན་གཏོང་དང་། དབུལ་ཕོངས་ལ་རོགས་རམ། རིན་མེད་བརྟག་དཔྱད་དང་སྨན་སྦྱིན། སྤྱི་སྨན་ལས་གཞི་དང་། སྤྱི་ཚོགས་ཞབས་ཞུའི་བྱེད་སྒོ་རིགས་གང་ཐུབ་སྤེལ་རྒྱུ།
བཀའ་ཤག་དང་། དབུས་གོ་སྒྲིག་ཚོགས་ཆུང་གི་དུས་སྟོན་དང་འབྲེལ་བའི་གསལ་བསྒྲགས་དང༌། བྱེད་སྒོའི་ལམ་སྟོན། ཞབས་རིམ་གསོག་སྒྲུབ། ཞལ་འདེབས་སྡུད་སློང་གི་བཀོད་མངགས་ཞུ་སྒོ་ཁག་འཚེམས་ལུས་མེད་པར་འབད་སྒྲུབ་བྱ་རྒྱུ།
ས་གནས་སོ་སོའི་བྱམས་བརྩེའི་ལོ་བརྩི་སྲུང་གི་དམིགས་བསལ་ལས་རིམ་དང་། ལས་འཆར་ཁག་གི་འགྲོ་གྲོན་ས་གནས་རང་ནས་ཐབས་ཤེས་ཐུབ་པ་དང་། དབུས་ནས་ཞུ་དགོས་ཇི་ཡིན་གྱི་ཐོག་མའི་ཚོད་དཔག་འཆར་རྩིས་བཟོ་འགོད་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༤ གོང་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ཕུལ་འབྱོར་ཐུབ་པ་དགོས་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༦ ལ། །