༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༦ ཉིན་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཆེད་ཁུ་ནུ་བླ་མ་རིག་འཛིན་བསྟན་པ་རིན་པོ་ཆེའི་ཡང་སྲིད་རྒྱ་བུང་རིིན་པོ་ཆེ་མཆོག་དང་། ལོ་ཆེན་རིན་པོ་ཆེ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་ཡང་སྲིད་མཆོག་བཅས་ཀྱིས་གཙོས་ཁུ་ནུ་ནང་པའི་དགོན་སྡེ་དང་ཡུལ་སྡེ་ཁག་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་བསྐྱངས་སྐབས་ཁུ་ནུ་ལྷ་སྡེ་མི་སྡེའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་། བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་མཚམས་བཀའ་སློབ་སྩལ་དོན། དྷ་རམ་ས་ལ་ནི་འཛམ་གླིང་གི་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་མང་པོ་དགའ་སྤྲོའི་ངང་འཛོམས་ཡུལ་ཞིག་ཆགས་ཡོད། ངོས་རང་མདོ་སྨད་ནས་ཡར་སླེབས་ཏེ་ལྷ་སར་དཔེ་ཆར་དགའ་རབ་བལྟས་ཤིང་། ལྷ་སའི་ཆོས་ར་ཆེན་མོའི་ནང་དུ་གྲྭ་སྐོར་དམ་བཅའ་བཞག་པ་ཡིན། དེ་ལྟ་བུའི་སྐལ་བཟང་མངོན་དུ་འགྱུར་ཐུབ་པའི་མི་ཞིག་གི་མཐའ་མའི་ལེའུ་དེ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། སྟག་བྲག་རྡོ་རྗེ་འཆང་གི་སྐུ་མདུན་ནས་ལུང་དང་ཁྲིད། དབང་བཅས་ཧ་ཅང་མང་པོ་ཞུས་ཡོད། སྐྱབས་རྗེ་གླིང་རིན་པོ་ཆེའི་སྐུ་མདུན་ནས་འཆར་ཅན་ཞོགས་པ་ཆུ་ཚོད་གཅིག་དང་། དགོང་མོ་ཆུ་ཚོད་གཅིག་རིང་དཔེ་ཁྲིད་བསྐྱོན་ནས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། གླིང་རིན་པོ་ཆེར་ཞལ་ཤོབ་སྐྱོན་རྒྱུ་ཡོད་པ་མ་རེད། རྫིག་པོར་བཞུགས་སྡོད་པ་རེད། བཀའ་དྲིན་ཆེན་པོ་ཡིན། དེ་དུས་ཁྲི་བྱང་རིན་པོ་ཆེའང་ཡོད་པ་རེད། དེས་མཚོན་པའི་མཚན་ཞབས་ཁོང་རྣམ་པ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།བདེ་ཡངས་མཚན་ཞབས་དཔེ་ཆ་ཨོའུ་ཙམ་ཡོད་པ་དང་། ངོས་ཀྱིས་ཐུབ་ཚོད་བྱེད་ས་རེད། ཁོང་དེ་ཙམ་སྤྱང་གྲུང་འཛོམས་པོ་མེད་པས་མགོ་སྐོར་དང་ཐུབ་ཚོད་གཏོང་ཐུབ་ཀྱི་ཡོད། ངེད་གཉིས་ཧ་ཅང་འཆམ་པོ་ཡོད། མཚན་ཞབས་རྣམས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེའི་ནང་ཚན་ནས་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་ངོས་ལ་དཔེ་ཆ་ཁྲིད་པ་རེད། ཁོང་ནི་ཧ་ཅང་ཞིབ་ཚགས་པོ་གནང་མཁན་ཞིག་ཡིན། མཚན་ཉིད་ཀྱི་འགྲོ་སྟངས་གང་ལ་གང་འཚམ་ཞིག་སྦྱངས་པ་དེ་རྒན་དངོས་གྲུབ་ཚོགས་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ཡིན། དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། ལྷ་སར་བསྡད་པའི་རིང་ལ་གཙོ་བོ་ཡོངས་འཛིན་རྡོ་རྗེ་འཆང་གི་སྐུ་མདུན་ནས་ཉིན་ལྟར་དཔེ་ཆ་ཁྲིད་པ་རེད།
དུས་ཚོད་འགྱུར་བ་ཞིག་ཕྱིན་ནས་ང་ཚོ་བཙན་བྱོལ་བ་ཆགས་ཡོད། ཡིན་ནའང་། དངོས་ཡོད་གནས་ཚུལ་ལ་བཙན་བྱོལ་བ་ཆགས་པ་དེས་གོ་སྐབས་ཧ་ཅང་ཡག་པོ་བྱུང་འདུག ང་ཚོ་བཙན་བྱོལ་བ་མ་ཆགས་པར་ད་ལྟ་དེ་སྔའི་ལུགས་སྲོལ་འཁྱེར་ནས་བསྡད་པ་ཡིན་ན། ངོས་རང་དཔེ་ཆར་བལྟ་རྒྱུ་སོགས་ལ་དེ་ཙམ་རང་དབང་མེད་པར་གཞུང་གི་མཛད་སྒོ་སོགས་སུ་རྫིག་པོར་སྡོད་པ་ལས་གཞན་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་བ་ཆགས་པ་དེས་ངོས་སྒེར་ལ་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད། གཙོ་ཆེ་ཤོས་བོད་གཞིས་ལུས་རྒྱ་ཆེའི་མི་མང་ཡིན་ནའང་རེད། བྱེས་འབྱོར་མི་མང་ཡིན་ནའང་རེད། ཚང་མས་དད་པ་དང་ཞེན་ཁོག་ལབ་ཐུབ་ཀྱི་རེད། རྩེ་གཅིག་བྱས་ཏེ་ཧ་ཅང་ཡག་པོ་རེད། ངོས་རང་ལ་མཚོན་ནའང་ལྷག་བསམ་གཡོ་བ་མེད་པར་ཧུར་ཐག་བྱས་པ་ཡིན། ཚང་མས་དགའ་པོའང་བྱེད་བཞིན་པ་རེད། དེ་རིང་སྐབས་སུ་བབ་པ་ཁུ་ནུ་ནང་པའི་དགོན་སྡེ་ཁག་དང་ཡུལ་མི་བཅས་ཐུན་མོང་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་སོ་སོའི་ལུང་པར་བྲལ་ནས་བསྡད་ཡོད་པ་དང་། ཕྱོགས་གཅིག་ནས་གོ་སྐབས་ཧ་ཅང་བཟང་པོ་ཞིག་རེད། ངོས་ལ་དགའ་མོས་བྱེད་མཁན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་པ་གཅིག་པུ་མ་རེད། ཡུལ་མི་ཚོ་ཨ་ཅང་ཅང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག དེ་དག་ཐམས་ཅད་ལ་ངོས་ཀྱིས་ཆོས་བཤད་བྱེད་རྒྱུ་གནད་ཆེ་བར་མཐོང་གི་མི་འདུག གལ་ཆེ་བ་ནི་མི་ཆོས་གཙང་མ་ཞིག མི་ཞིག་ཡིན་ཕྱིན་ཆད་མི་ཚེ་སྐྱེལ་བར་ལྷ་ཆོས་མི་ཆོས་སྐྱེ་བ་སྔ་ཕྱིའི་གཏམ་རིང་པོ་མི་དགོས་པ་བྱས་ཏེ་འཕྲལ་དུ་མི་བཟང་པོ། སྐྱག་རྫུན་མི་བཤད་མཁན། ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་སེམས་བྱེད་པ་ནི་ངོས་ཀྱིས་འགན་ནམ་དམིགས་ཡུལ་དུ་འཇོག་བཞིན་ཡོད། འཛམ་གླིང་འདིར་ནང་པ་ཙམ་མ་ཡིན་པའི་ཆོས་དད་མེད་མཁན་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་འཛམ་གླིང་འདིར་ཕྱོགས་གཅིག་ནས་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། ཕྱོགས་གཅིག་ནས་མི་རིགས་མང་པོར་ཐུག་ནས་སེམས་ཞི་ཞིང་དུལ་བའི་བསླབ་བྱ་དང་། མི་ཚང་མར་མཛའ་བརྩེའི་འདུ་ཤེས་ཐོག་ནས་ཀུན་ལ་ཕན་སེམས་ཡོད་པ་ཞིག་བྱུང་ན་འཛམ་གླིང་ལ་སྐྱེས་པའི་སྐྱེས་གོ་ཆོད་པ་རེད། དེ་མིན་འཛམ་གླིང་འདིར་སྐྱེས་པའི་མི་ཞིག་ཡིན་ནའང་། ང་དང་ཁྱོད་ཅེས་ཆགས་སྡང་གི་སྐད་ཆ་བཤད་སྡོད་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད།
འཛམ་གླིང་འདིར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཀུན་ལ་ཕན་སེམས་དང་། སྐྱེ་བ་སྔ་ཕྱིའི་སྐད་ཆ་མིན་པར་ཚེ་འདི་རང་ལ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་བརྩེ་བ་དང་ལྡན་པ་ཞིག་བྱུང་ན་ཡག་པོ་རེད། ངོས་ཀྱིས་དམིགས་ཡུལ་ལ་འདི་འཇོག་བཞིན་ཡོད། ཆོས་ཁས་ལེན་ན་མ་བླངས་ན། ཆོས་གང་འདྲ་ཞིག་ཁས་བླངས་མིན་གང་ལྟར་ཡང་འཛམ་གླིང་འདིར་སྐྱེས་པའི་མི་ཞིག་ཡིན་ཕྱིན་ཆད་དངོས་གནས་མི་ཚེ་དྲང་པོ་དྲང་བཞག་གི་ཐོག་ནས་སྐྱེལ་བ་དང་། སུ་གཅིག་ལའང་དགྲ་བཟོ་མི་དགོས་པར་ཀུན་ལ་མཛའ་བརྩེ་ངང་སྡོད་ཐུབ་པ་ཞིག་དགོས། འཛམ་གླིང་འདིར་ངོས་ནས་གང་ལ་གང་འཚམ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག རྗེས་སུ་ཡི་རང་ཡོད། གཙོ་བོ་ཆོས་ལྡན་གྱི་གྲོགས་པོ་ཚོས་དངོས་གནས་སྤྱི་སེམས་འཁྱེར་ནས་ཧུར་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་ནས་ཆོས་ཀྱི་སྐྱེས་ཟབ་ཤོས་ནི་ཕལ་ཆེར་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་རྒྱུ་དེ་ཆགས་ཡོད། ངོས་རང་ཞོགས་པ་གཉིད་ལས་སད་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། སོ་སོའི་ངོ་ཤེས་པ་སུ་དང་སུ་ཡིན་ནའང་བསམ་པ་བཟང་པོའི་ཐོག་ནས་མི་ཚེ་སྐྱེལ་རྒྱུ་བྱུང་ན་དངོས་གནས་ཡག་པོ་རེད། ངོས་རང་སྔ་མོ་རྒྱ་ནག་ཏུ་ཕྱིན་སྐབས་རྒྱ་མི་གུང་ཁྲན་གྱི་མགོ་ཁྲིད་ཚོས་སེམས་པ་བཟང་པོ་བྱེད་པ་དང་། སྤྱི་སེམས་བྱ་རྒྱུའི་སྐོར་ལ་ཁོ་ཚོས་འགྲེལ་བཤད་འདྲ་ཆགས་པོ་རྒྱག་གི་རེད། ཡང་ཕྱོགས་གཅིག་ནས་མགོ་སྐོར་གཏོང་ཐབས་སྣ་མང་བྱེད་ཀྱི་རེད། དེ་མ་གཏོགས་སྤྱི་སེམས་ལ་བསམ་བློ་གཏོང་བ་དེ་ཡག་པོ་ཡོད་པ་རེད། ང་ཚོ་སོ་སོའི་ལུང་པར་སྡོད་མ་ཐུབ་པར་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། འདི་ནི་རྐྱེན་ངན་གྲོགས་ལ་ཤར་བ་བཞིན་ང་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱ་བསམ་པ་བཟང་པོ་བྱེད་པ་དང་། ཀུན་ལ་མཛའ་བརྩེ་བྱེད་པའི་བསླབ་བྱ་བཟང་པོ་འདི་ནི་ང་ཚོ་བོད་པས་ལོ་སྟོང་ཕྲག་རིང་ལ་ཡིད་ཆེས་བྱས་ཏེ་འགྲོ་བཞིན་ཡོད། དེར་བརྟེན། ངོས་རང་ལ་མཚོན་ན་བོད་རིགས་ཨ་ཅང་ཅང་། ཕྱི་རྒྱལ་གྱི་མི་རིགས་དང་། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཚོར་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་པ་བཟང་པོ་བྱེད་དགོས་པ་བཤད་ཀྱི་ཡོད། ཚང་མས་དགའ་པོ་བྱེད་ཀྱི་འདུགདེ་རིང་སྐབས་སུ་བབ་པ་འདིར་བརྟན་བཞུགས་གནང་གི་ཡོད་པ་རེད། ཁྱོད་ཚོ་འདིར་འདུས་པའི་ཆོས་གྲོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་ཞེས་པ་གཙོ་བོ་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། སེམས་རྒྱུད་བཏུལ་ན་ཆོས་རེད། སེམས་རྒྱུད་མ་བཏུལ་ན་ཆོས་མ་རེད། དེར་བརྟེན། ང་ཚོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་སེམས་རྒྱུད་འདུལ་བར་དགོངས་པ་བཞེས་ཤོག འདིར་སེམས་བཟང་པོ་སྐྱེས་པའི་ཆེད་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཚིགས་སུ་བཅད་པ་འདིའི་ཐོག་ནས་སེམས་བཟང་པོ་བསྐྱེད་པར་ཉིན་རེ་བཞིན་དུ་སོ་སོའི་སེམས་ལ་ལྕག་བཅུག་ནས་སེམས་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གནས་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་གནས་རེད་ལ། ང་ཚོ་བཙན་བྱོལ་བ་ཆགས་ནས་དགེ་བ་རླབས་ཆེན་སྒྲུབ་སའི་གནས་ཤིག་ཆགས་ཡོད། འདིར་འདུས་པ་ཚང་མས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཐོག་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་རྒྱུ་ཡིན། ཞེས་བཀའ་སློབ་བཀའ་དྲིན་སྩལ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་མཛད་པ་དང་། བྱང་སྡོམ་འབོག་ཆོག་ལེགས་པར་གྲུབ་མཚམས་ཐུབ་པའི་མཚན་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྗེ་བཙུན་སྒྲོལ་མའི་གཟུངས་སྔགས། གུ་རུའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་སྩལ་ཅིང་། མཐར་བརྟན་བཞུགས་ཀྱི་གནང་སྒོ་འཕྲོ་སྐྱོང་དང་། མགོན་པོ་མཆོག་གི་རྨི་ལྟས་ལ་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུ་ཡིན་པ་གསལ་སྐོར་སོགས་བཀའ་སློབ་གྲུབ་མཚམས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །