༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཁྱབ་ཁོངས་མི་མང་དང་། དཔལ་ཞ་ལུ་དགོན་པའི་དགེ་འདུན་པ་རྣམ་པ། སློབ་གྲྭའི་དགེ་ལས་རྣམས་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་བསྟོད་ཕྱིར་བསང་གསོལ་དར་འཛུགས་གནང་།
དེ་རྗེས་ཆུ་ཚོད་ ༩།༣༠ ཐོག་གཞིས་མི་རྣམས་ཚང་འཛོམས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་། ནོ་སྦེལ་བསྟོད་དབྱངས་བཅས་རིམ་བཞིན་འབུལ་རྗེས་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་རྗེས་སྤོན་ཊ་གཏན་སློབ་གཞི་རིམ་སློབ་ཕྲུག་རྣམས་ནས་སྙན་ཚིག་ཁག་གཅིག་གྱེར་འདོན་གནང་བ་མ་ཟད། ས་གནས་འགོ་འཛིན་ནས་ཕྱི་ལོ་༢༠༢༤ ལོའི་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་རྩེ་ཕུད་གཅིག་ལ་ཕྱག་འཁྱེར་དང་། དེ་དབཚཞིན་སཾ་བྷོ་ཊ་གཏན་སློབ་ལས་བྱེད་དང་། ཡན་ལག་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༢༥ ཡན་འཁོར་མཁན་ལས་བྱེད་བཞི་ལ་ལེགས་གསོལ་ཕྱག་འཁྱེར་གནང་ཡོད་པ་རེད།
མཛད་རིམ་གྲུབ་མཚམས་ས་གནས་མི་མང་ནས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་མོ་སྲུང་བརྩི་ཞུ་ཆེད་ཉེ་འཁོར་ཡུལ་མི་དབུལ་ཕོངས་རྣམས་ལ་གྱོན་ཆས་སྦྱིན་གཏོང་ལས་གཞི་སྤེལ་ཡོད་པ་བཅས།།