༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉེ་ཆར་སྐུ་ཞབས་ཧུང་ཧྲན་ཧན་ (Hung Sun Han) མཆོག་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་ལ་བསྐོ་གཞག་གནང་བར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ནི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ཡུན་རིང་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་མཁྱེན་ཡོན་དང་། ལྷག་བསམ། བློ་སྟོབས་བཅས་ཀྱི་ཐོག་ནས་ཐེ་ཝན་མི་མང་གི་བདེ་དོན་ཆེད་དོན་ཕན་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། སྐུ་ཉིད་ཀྱིས་ཡུན་རིང་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་སྟེ་བོད་པའི་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་མཉམ་ཞུགས་དང་། དེ་བཞིན་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས། ཕན་ཚུན་མཇལ་འཕྲད་གནང་བ་བརྒྱུད་རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་རྒྱལ་སྤྱིའི་ནང་གནས་ཚུལ་རྫུན་མ་དྲིལ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར་དང་། ཐེ་ཝན་གྲོས་ཚོགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་འབྲེལ་ལམ་ཤུགས་ཆེར་གནང་དགོས་པ་སོགས་ཀྱི་བཀའ་བསྡུར་གནང་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་མུ་མཐུད་ཐེ་ཝན་དང་། རྒྱལ་སྤྱིའི་ནང་བོད་དོན་སྐོར་གླེང་སློང་རྒྱབ་སྐྱོར་གནང་སྟེ། བོད་ཀྱི་རྩ་དོན་གྱི་ནུས་པ་གོང་མཐོར་ཡོང་སླད་ནུས་པ་འདོན་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། སྐུ་ཉིད་ནས་ཐེ་ཝན་ངལ་རྩོལ་བློན་ཆེན་གྱི་ཐུགས་འགན་བཞེས་པའི་རིང་ལས་དོན་ཐམས་ཅད་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ཀྱི་བདེན་པའི་རྩ་དོན་ཐོག་སྐུ་ཉིད་དང་། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཐུན་མོང་གི་དམིགས་ཡུལ་བསྒྲུབ་ཆེད་འབྱུང་འགྱུར་མུ་མཐུད་མཉམ་ལས་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་འདུག་པ་བཅས། །