༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢ ནས་ ༢༠ དབར་སུད་སི་གྲོས་ཚོགས་དགུན་དུས་ཚོགས་ཐེངས་ཚོགས་པའི་གོ་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༡ ཉིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་ཡོད།
དེ་ཡང་ཚོགས་འདུ་སུད་སི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walter) ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། གཞན་གྲོས་ཚོགས་ཚོགས་མི་ཕེ་བྷིན་མོ་ལི་ན་(Fabian Molina) ལགས་དང་། མ་ཡ་ག་རབ་ (Maya Graf) ལགས། སི་བེལ་ཨར་སི་ལན་ (Sibel Arslan) ལགས། ར་ཕའེལ་མ་ཧའེམ་ (Raphael Mahaim) ལགས། སོ་ཕི་མི་ཤོ་ཌི་ཇི་གོན་ (Sophie Michaud-Gigon) ལགས་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས། དེ་བཞིན་ཐོ་མ་སི་བྷུ་ཆི་ལི་ (Thomas Buchli) ལགས་བཅས་ཚོགས་འདུ་ནང་མཉམ་ཞུགས་གནང་ཡོད།
སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཉམ་འཛོམས་ཀྱིས་སུད་སི་བོད་མིའི་གནས་སྟངས། ཕྱི་ལོ་ ༢༠༢༥ ལོར་ཉི་འོང་དུ་ཚོགས་འཆར་ཡོད་པའི་འཛམ་གླིང་གྲོས་ཚོགས་ཚོགས་མིའི་བོད་དོན་ཚོགས་ཆེན། ༧གོང་ས་མཆོག་གི་གོ་སྟོན། པཎ་ཆེན་རིན་པོ་ཆེ་ག་སོང་ཆ་མེད་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན། ཕྱི་ལོ་ ༢༠༢༥ ལོར་སུད་སི་གྲོས་ཚོགས་འཐུས་མི་དྷ་སར་གཟིགས་སྐོར། ༧གོང་ས་མཆོག་གི་ཡང་སྲིད་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་ཡོད་པ་མ་ཟད། སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གོང་གི་གནད་དོན་དེ་དག་སུད་སི་དབུས་གཞུང་ལ་འབོད་སྐུལ་དང་གཞུང་གིས་ནུས་བ་ལྡན་བའི་སྲིད་བྱུས་ལག་བསྟར་བྱ་དགོས་པར་ཤུགས་སྣོན་བྱ་རྒྱུ་རེད།
སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རྗེས་མ་ཕྱི་ལོ་ ༢༠༢༥ ལོའི་སུད་སི་གྲོས་ཚོགས་ཀྱི་དཔྱིད་ཀའི་ཚོགས་ཐེངས་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༨ ཉིན་ནས་ཟླ་བ་ ༣ ཚེས་ ༡༩ བར་ཚོགས་རྒྱུ་ཡིན་པ་དེར་བསྟུན་ནས་ཚོགས་རྒྱུ་གཏན་ཁེལ་ཡོད། །